
༄༅། །སྟོན་པ་གཤེན་རབ་མི་བོ་ཕྱི་ལོའི་སྔོན་གྱི་ལོ་ ༡༦༠༡༧ ཙམ་ལ་བོད་ཡུལ་གངས་རི་ཏེ་སེའི་ཉེ་འགྲམ་དུ་ཡབ་ཞང་ཞུང་གི་རྒྱལ་པོ་རྒྱ་བོན་ཐོད་དཀར་དང་། ཡུམ་བྱམས་མ་རྣམ་སྤྲུལ་ཡུམ་ཆེན་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཡབ་རྒྱ་བོན་ཐོད་དཀར་གྱིས་མཚན་མཁན་བྲམ་ཟེ་གདན་དྲངས་ནས་བརྟག་པར་གཞན་དང་མི་འདྲ་བ་སྤྲུལ་པའི་སྐུ་རུ་གསུངས་ཏེ།སྟོན་པ་གཤེན་རབ་མི་བོ་ཞེས་མཚན་གསོལ། གཤེན་ནི་རིགས་རུས། རབ་ནི་མཆོག་གམ་མགོན་དུ་གྱུར་པ། མི་བོ་ནི་རླབས་ཆེ་བའི་མི་སྟེ། དམུ་རུས་གཤེན་ལས་འཁྲུངས་པའི་སྟོན་པ་བླ་ན་མེད་པའམ་སངས་རྒྱས་སམ་རླབས་ཆེན་གྱི་མི་སྣ་ལ་གོསྐུ་ན་ཕྲ་དུས་ནས་ཡབ་ཀྱི་རྒྱལ་ས་བཟུང་བས་ཞང་ཞུང་རྒྱལ་པོ་ཞེས་གྲགས། སྔོན་རྒྱལ་ཁབ་བཅུའི་སྲས་མོ་ཁབ་ཏུ་བཞེས་ཚུལ་མཛད་དེ། སྲས་བརྒྱད་དང་། སྲས་མོ་གཉིས་བཅས་རིགས་སྲས་བཅུ་འཁྲུངས། དགུང་ལོ་སོ་གཅིག་བར་ཞང་ཞུང་རྒྱལ་ཁབ་ཆེ་ཆུང་ཐམས་ཅད་(ཕྱིས་རྒྱལ་ཁབ་བཅོ་བརྒྱད་དུ་གྲགས།)དབང་དུ་བསྒྱུར་ཏེ་ལས་རྒྱུ་འབྲས་ཀྱི་བོན་ལ་བརྟེན་ནས་རྒྱལ་སྲིད་བསྐྱངས་པར་མཛད། སྒྲ་ཚད་བཟོ་གསོ་ལ་སོགས་པའི་རིག་པའི་གནས་ལྔ་ཐེག་པ་རིམ་དགུ་བཅས་ཀྱི་སྲོལ་གཏོད་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ། དགུང་ལོ་སོ་གཅིག་པར་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་ནས་རབ་ཏུ་བྱུང་ནས་འདུལ་ཁྲིམས་ཀྱི་སྡོམ་པ་བསྲུང་། ལོ་དགུའི་རིང་དཀའ་སྤྱད་གནང་། བོན་སྒོ་བཞི་མཛོད་ལྔ་དང་། ཕྱི་འདུལ་བ་མདོ། ནང་གསང་བ་སྔགས། གསང་བ་རྫོགས་པ་ཆེན་པོའི་བོན་བཅས་ཐར་པ་དོན་དུ་གཉེར་བའི་མཐའ་ཀླས་སྐྱེ་དགུའི་དོན་གསུངས་པར་མཛད་ནས་མཁའ་ཁྱབ་འགྲོ་དྲུག་སེམས་ཅན་ཐམས་ཅད་བདེ་བའི་ལམ་དུ་འདྲེན་པ་མཛད་པའོ།། །།

༄༅། །ཕྱག་ན་རྡོ་རྗེ་ནི། པདྨ་དང་ཉི་མའི་གདན་ལ་གཡས་བསྐུམས་གཡོན་བརྐྱང་གི་སྟབས་ཀྱི་བཞེངས་པ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་། སྐྲ་སེར་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེས་བརྒྱན་ཅིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་སྐྱོད་པས་དབུ་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། ། བྱུང་རིམ་དང་ཕན་ཡོན། ཕྱག་རྡོར་གྱིས་ཛ་ཝ་རི་བ་ལ་བརྒྱུད་དེ་བོད་དུ་དར། ཁྱད་པར་ལྷོོ་བྲག་གྲུབ་ཆེན་ལས་རྗེ་བླ་མས་གསན་ཏེ་ཐུགས་ཀྱི་ལྷར་མཛད་པ་ནས་དབེན་ས་སྙན་བརྒྱུད་དུ་བྱུང་པ་ཡིན། ཉེ་བརྒྱུད་ས་སྐྱ་པ་ནས་ཕེབས་སོ། གདོན་བགེགས་ཀྱི་རིགས་མ་ལུས་པ་འཇོམས་པ་དང་། མཆོག་དང་ཐུན་མོང་གིས་དངོས་གྲུབ་སྩོལ་བའི་ལྷག་པའི་ལྷ་མཆོག་ཏུ་གྱུར་བ་ཞིག་ཡིན་ནོ། བཏུས་པའི་ཁུངས། ༡༽པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ། ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་ལྷན་ཐབས་རིན་འབྱུང་དོན་གསལ་ལས་གླེགས་བམ་གཉིས་པ། ཤོག་གྲངས་ ༥༠༥ ནས ༥༡༠ བར་གསལ། ཕྱི་ལོ་ ༢༠༡༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

༄༅།། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པ་ནི། སྐུ་མདོག་མཐིང་ག་ཞལ་བཞི་ཕྱག་བཅུ་གཉིས། རྩ་ཞལ་ནག་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་པོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་ལྤགས་སྡིགས་འཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ཏེ་འཛིན་པ། ཕྱག་གཡས་ལྷག་མ་བཞི་ན་ཌ་མ་རུ་དང་། དགྲ་སྟ། གྲི་གུག མདུང་རྩེ་གསུམ། ཕྱག་གཡོན་ལྷག་མ་བཞི་ན་ཁ་ཊྭཱཾ་ག་དང་། ཐོད་པ། ཞགས་པ། ཚངས་པའི་མགོ་རྣམས་འཛིན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལས་བརྒྱུས་པའི་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆིང་བ་ཞལ་རྣམ་པར་འགྱུ་བ། མཆེ་བ་བཞི་གཙིགས་པ་གར་དགུའི་ཉམས་དང་ལྡན་པ། མགོ་བོ་རློན་པ་ལྔ་བརྒྱའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། འཇིགས་བྱེད་སྔོན་པོ་དང་དུས་མཚན་མ་དམར་མོའི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པ། འཁོར་མཁའ་འགྲོ་མ་བཞི་དང་། ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་ལ་དཔའ་བོ་བརྒྱད་དང་དཔའ་མོ་བརྒྱད། སྒོ་བཞི་དང་མཚམས་བཞི་ལ་མཁའ་འགྲོ་མ་བརྒྱད་བཞུགས་པའོ།། །།

གུ་རུ་རིན་པོ་ཆེ་ནི། རྒྱ་གར་འཕགས་པའི་ཡུལ་གྱི་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོའི་སྲས་སུ་འཁྲུངས། མཚན་ལྟས་མཁན་གྱིས་སྲས་འདིའི་རྒྱལ་སྲིད་མི་བཟུང་ཞིང་གསང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཞིག་འོང་པར་ལུང་བསྟན། སྐུ་ན་ཆུང་དུས་རིག་གནས་ཆེ་ཆུང་དང་བརྟག་པ་བརྒྱད་ལ་སོགས་པ་གང་ལ་ཡང་དཀའ་ཚེགས་མི་དགོས་པར་མཁྱེན། གསང་སྔགས་ཀྱི་སློབ་དཔོན་མང་པོ་བསྟེན་ཏེ་སྒོམ་སྒྲུབ་ཡུན་རིང་མཛད་ནས་གྲུབ་པ་ཐོབ་པའི་རྟགས་མཚན་མང་པོ་ཐོན་ཏེ་དགེ་འདུན་གྱི་སྡེ་དང་བཅས་པ་སྐྱེད་ཚལ་ཞིག་ཏུ་བཞུགས་པའི་ཚེ་རྒྱལ་བློན་བར་དཀྲུགས་ཤིང་བྱས་ནས་རྒྱལ་པོས་དམག་བཏང་སྟེ་གནས་དབྱུང་དང་སློབ་དཔོན་བཟུང་ནས་མཚོན་ཆ་བསྣུན་པ་དང་། མེར་བསྲེགས་པ་སོགས་བྱས་ཀྱང་རྫུ་འཕྲུལ་བསྟན་ནས་ཅི་ཡང་མ་གནོད། དེ་ནས་བཟུང་བྲག་ཕུག་དང་དུར་ཁྲོད་སོགས་སུ་བཞུགས་ནས་ལྷ་འདྲེ་གདུག་ཅན་ཐམས་ཅད་དབང་དུ་བསྒྱུར། གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་སྟེ་རྒྱ་གར་ཡུལ་དབུས་མ་གྷ་དྷ་དང་། བྱང་ཤར། ལྷོ་ཕྱོགས་བལ་ཡུལ་དང་བཅས་སུ་ཕེབས་ཏེ་མུ་སྟེགས་པ་མང་པོ་ལ་རྩོད་པ་དང་ལྷ་འདྲེ་མང་པོ་བཏུལ་ཏེ་དམ་ལ་བཏགས། དུས་རབས་བདུན་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་གདན་དྲངས་པར་བྱོན་ནས་བོད་ཀྱི་བསྟན་མ་བཅུ་གཉིས་དང་ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས། རྒྱལ་བློན་བཙུན་མོ། བོད་འབངས་སྐྱེ་བོ་ཡོངས་ཀྱིས་ཕོ་བྲང་བྲག་དམར་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། རྗེས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་རྨང་བཏང། ལེགས་པར་གྲུབ་པར་མཁན་སློབ་གཉིས་ཀྱིས་རབ་གནས་མཛད་ཅིང་ངོ་མཚར་ཅན་གྱི་ལྟས་མང་པོ་བྱུང་། སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ཆུ་མེད་སར་ཆུང་དང་ངམ་ཤོད་ཀྱི་བྱེ་ཐང་དང་གྲམ་ཐང་རྣམས་ནགས་ཚལ་དང་སྤང་ཐང་དུ་བསྒྱུར། ལྷ་སྲས་མུ་ཁྲི་བཙན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེར་ཡོད་པའི་ནོར་རྫས་རིན་ཐང་ཆེ་བ་རྣམས་བོད་དུ་དྲངས་པས། ནོར་བདག་རྒྱལ་པོ་པེ་ཧར་ཡང་ཀ་ཅའི་རྗེས་སུ་འབྲངས་ནས་བོད་དུ་འོངས་པ་དེ་ལ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས། རྒྱལ་པོ་དང་བཙུན་མོ། སད་མི་མི་བདུན་སོགས་ལ་གསང་སྔགས་ཀྱི་དབང་བསྐུར་གནང་བས་རྗེ་འབངས་ཉེར་ལྔ་ཞེས་བོད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཐོག་མར་བྱུང་། སློབ་དཔོན་ཆེན་པོ་འདི་བོད་དུ་ལོ་ལྔ་བཅུ་ཙམ་བཞུགས་ནས་རྗེས་སུ་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཀྱིས་རྒྱལ་པོ་ལ། སློབ་དཔོན་འདི་མཐུ་དང་ནུས་པ་ཆེ་བས་རྒྱལ་སྲིད་ལ་ཉེན་ཁ་ཆེ་བས་ཁོང་རང་གི་ཡུལ་དུ་བསྐྱལ་ན་ལེགས་ཚུལ་ནན་ཞུས་བྱས་པས་སློབ་དཔོན་ཕྱིར་རྒྱལ་གར་དུ་ཕེབས་སྐྱེལ་ཞུ་དགོས་བྱུང་སྟེ་ལམ་བར་ནས་ལྐོག་གསོད་བྱེད་ཐབས་བྱས་ཀྱང་རྫུ་འཕྲུལ་བསྟན་ནས་གསོད་མ་ཐུབ་པར་སློབ་དཔོན་མཁའ་ལ་འཕུར་ཏེ་སྲིན་ཡུལ་དུ་ཕེབས་སོ། །

༄༅། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོའི་སྤྲུལ་པ་གནས་ཆུས་རྒྱལ་པོ་སྐུ་ལྔ་ནི། སྐུ་མདོག་དམར་པོ་ཞལ་གཅིགཕྱག་གཉིས། དར་གྱི་བེར་དང་དོམ་གྱི་སློག་པ་གོས་སུ་གྱོན་པ། དབུ་ལ་དར་ནག་གི་ཐེབས་ཞུ་གསོལ་བ། ཕྱག་གཡས་བདུད་ཞགས་དང་གཡོན་སྤུ་གྲི་ཐོགས་པ། གླང་ཆེན་སྣ་རིང་ལ་ཆིབས་ནས་རོལ་ཏུ་གློག་དམར་ཁྲིད་པ། ཤར་དུ་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ་སྐུ་མདོག་མཐིང་ནག་བདེན་ཏྲི་ནག་པོའི་གོས་དང་དར་ནག་གི་ཐེབས་ཞུ་གསོལ་བ། ཕྱག་གཡས་ན་རྡོ་རྗེ་དང་ཤེར་གཤང་གི་གསེག་ཤིང་ཐོགས་པ་སེངྒེ་ལ་བཅིབས་ནས་རོལ་ཏུ་དོམ་ནག་ཁྲིད་པ། ལྷོར་ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན་སྐུ་མདོག་མཐིང་ནག་སྦྲུལ་དང་སྟག་གི་གོས་ཅན་དབུ་ལ་ཐང་ཐེབ་ཁྱུང་མགོ་ཅན་གསོལ་བ། ཕྱག་གཡས་དགྲ་སྟ་དང་གཡོན་བདུད་ཞགས་ཐོགས་པ་བདུད་རྟ་རྟིང་དཀར་ལ་བཅིབས་ནས་རོལ་ཏུ་གཡུ་འབྲུག་ཁྲིད་པ། ནུབ་ཏུ་གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་དམར་པོ། དར་ནག་གི་བེར་ཅན་དབུ་ལ་སྨྱུག་ཞུ་གསོལ་བ། ཕྱག་གཡས་སྦའི་འགྱིང་འཁར་དང་གཡོན་བ་དན་གྱི་བེང་ཆེན་ཐོགས་པ་དྲེལ་ནག་རྐང་དཀར་ལ་བཅིབས་ནས་རོལ་ཏུ་སྤྱང་མོ་ཁྲིད་པ། བྱང་དུ་འཕྲིན་ལས་ཀྱི་རྒྱལ་པོ་བེ་ཧར་སྐུ་མདོག་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ་དར་དཀར་གྱི་རལ་ག་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་དབུ་ལ་ཚགས་ཞུ་གསོལ་བ། ཕྱག་གཡས་པ་གསུམ་ན་ལྕགས་ཀྱུ་མདའ་དང་རལ་གྲི། གཡོན་པ་གསུམ་ན་སྤུ་གྲི་གཞུ་དང་བེར་ཀ་ཐོགས་པ། སེངྒེ་དཀར་མོ་ལ་བཅིབས་ནས་རོལ་ཏུ་འཚུབ་མ་ཁྲིད་པ། བཞི་གའི་འཁོར་དུ་ཡུམ་བློན་ཕོ་ཉ་རུ་འདྲེན་གར་མཁན་སྐྱོ་སངས་འབག་ལ་སོགས་པའི་འཁོར་གྱིས་བསྐོར་བ། ཆོས་སྲུང་འདི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་རྒྱ་གར་བེ་ཧར་ནས་ཅ་ལག་ཅིག་ཁུར་ཡོང་བ་དེའི་རྗེས་སུ་འབྲང་བའི་ཚུལ་གྱིས་བོད་ཁམས་སུ་བྱོན་པར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀའ་བསྒོས་དམ་བཏགས་གཉེར་གཏད་ཀྱིས་བོད་ཀྱི་སྲུང་མར་བསྐོས་པ་ནས། བོད་རྒྱལ་ཁབ་ཆེན་པོའི་བསྟེན་གསོལ་བྱེད་པའི་སྲུང་མར་གཙོ་བོར་གྱུར་ཅིང་སྐུ་ཁོག་ཞུགས་པ་རྣམས་ནས་ད་བར་བསླུ་བར་མ་བྱུང་ཞེས་སྐྱེས་ཆེན་དམ་པ་མང་པོས་གསུངས། བསྐང་གསོལ་དང་འཕྲིན་བཅོལ་སོགས་ལ་སོགས་གསོལ་བསྟོད་བྱས་ན་འཕྲལ་གྱི་འདོད་དོན་དང་བར་ཆད་མཐའ་དག་སེལ་བ་སོགས་ཀྱི་ཕན་ཡོན་ལྡན་ཞིང་། ངེས་པ་དོན་ལ་རྒྱལ་བ་རིགས་ལྔའི་འཕྲིན་ལས་ཀྱི་སྤྲུལ་པ་དང་། ཐབས་དང་ཤེས་རབ་བཞིན་ལག་འཇིག་རྟེན་དྲེགས་པའི་རོལ་པར་ཤར་བ་ཡིན་ཚུལ་སོགས་ཀྱི་བྱུང་བ་མང་དུ་ཡོད། བོད་ཀྱི་ལོ་གསར་པའི་ཚེས་གསུམ་ལ་བསྟན་སྲུང་ལོ་སར་དུ་གཏན་ཁེལ་གྱིས་ཆོས་སྐྱོང་ཁོག་ཞུགས་ཀྱིས་རྒྱལ་བ་ཡབ་སྲས་གཉིས་ཀྱི་སྐུ་ཚེ་ལ་བར་ཆད་ཡོད་མེད་དང་བོད་བསྟན་སྲེིད་ཆེད་ལུང་བསྟན་ཞུ་ཞིང་བསྐང་གསོལ་ཟབ་རྒྱས་འཚོགས་སྲོལ་ཡོད་པའོ།། །། བཏུས་པའི་ཁུངས། ༡༽ རྩོམ་སྒྲིག་པ་འགྱུར་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། ཤོག་གྲངས་ ༡༠༨༥ ནས་ ༡༠༨༧ བར་གསལ། ཕྱི་ལོ་ ༢༠༠༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་འགྲེམས་བྱས། ༢༽ དུང་དཀར་བློ་བཟང་འཕྲིན་ལས། བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ། ཤོག་གྲངས་ ༡༤༨ ནས་ ༡༤༩ བར་གསལ། ཕྱི་ལོ་ ༢༠༠༢ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་འགྲེམས་བྱས།

༄༅། །མགོན་པོ་ཕྱག་དྲུག་པ་ནི། ཞལ་གཅིག་སྤྱན་གསུམ། ཕྱག་དྲུགཕྱག་གཡས་པའི་དང་པོ་ན་གྲི་གུག བར་པ་ན་མི་མགོའི་འཕྲེང་བ། ཐ་མ་ན་ཌ་མ་རུ། ཕྱག་གཡོན་པ་དང་པོ་ན་ཐོད་པ། བར་པ་ན་མདུང་རྩེ་གསུམ། ཐ་མར་ཞགས་པ་བསྣམས་པ། སྐུ་ལ་གླང་ཆེན་དཀར་པོའི་གོ་བ་བཀླུབས་ཤིང་། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། དབུ་ལ་ཐོད་སྐམ་ལྔས་བརྒྱན་ཞིང་ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། ཞབས་འོག་ཏུ་ཚོགས་བདག་མནན་པ། ཤིང་ཙན་དན་རྐང་གཅིག་གི་དྲུང་ན་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་དྲག་པོའི་ཚུལ་དུ་བཞུགས་པ་ཞིག་ཡིན། འཕགས་པ་སྤྱན་རས་གཟིགས་ཆོས་སྐྱོང་གི་རྣམ་རོལ་དང་དེའི་འཁོར་དུ་བཞུགས། སྐྱེས་བུ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྲུང་མ་ཡིན། ལྷ་འདི་ཡེ་ཤེས་པ་ཆོས་སྐྱོང་བའི་སྲུང་མ་ཡིན་པས་ཚེ་འདི་ཕྱིའི་བར་ཆད་དང་འཇིགས་ཉེན་ནས་སྐྱོབ་ཅིང་བདེ་ལེགས་ཐམས་ཅད་ལྷུན་གྱིས་འགྲུབ་འོང་བ་སོགས་འཕྲིན་ལས་ཤིན་ཏུ་མྱུར་བར་གསུངས་སོ། ། བཏུས་པའི་ཁུངས། ༡༽ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྩིམ་སྒྲིག་པ་རྣམས། གངས་ཅན་ཤེས་རིག་བང་མཛོད། ཆོས་ཀྱི་སྒེའུ་ཁུང་གླེགས་བམ་དང་པོ། ཤོག་གྲངས་ ༧༡ ན་གསལ། ཕྱི་ལོ་ ༢༠༡༦ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་པར་འགྲེམས་བྱས།

༄༅། །སློབ་དཔོན་ཤཱཀྱ་འོད་ནི། ཕྱི་ལོའི་དུས་རབས་བདུན་པ་དང་བརྒྱད་པའི་ནང་རྒྱ་གར་ནུབ་ཕྱོགས་སུ་རྒྱལ་རིགས་སུ་འཁྲུངས། ནཱ་ལནྡཱར་མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མ་གྷ་དྷའི་མཁན་པོ་བསོད་ནམས་གྲགས་པ་དང་སློབ་དཔོན་ཞི་བ་འོད་གཉིས་བསྟེན་ནས་སྡེ་སྣོད་གསུམ་སྦྱངས་པས་འདུལ་བའི་གཞུང་ལུགས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། སློབ་དཔོན་རྡོ་རྗེ་བཞད་པ་ལས་གསང་སྔགས་ཀྱི་གཞུང་རྣམས་གསན་པས་ཤིན་ཏུ་མཁས་པར་གྱུར་ཏེ་པྲ་བྷ་ཧ་ཏི་ཞེས་གྲགས་ཤིང་མཆོག་གི་དངོས་གྲུབ་བརྙེས། ནཱ་ལནྡཱའི་གཙུག་ལག་ཁང་དུ་འདུལ་བའི་བསྟན་བཅོས་སུམ་བརྒྱ་པ་དང་དེའི་རང་འགྲེལ་འོད་ལྡན། དགེ་ཚུལ་ཀ་རི་ཀ་སོགས་ཆོས་ཚན་ལྔ་ལྷག་མཛད་པ་རྣམས་བོད་སྐད་དུའང་བསྒྱུར་ཡོད། ཁ་ཆེའི་ཡུལ་དུ་ཕེབས་ནས་འགྲོ་དོན་རྒྱ་ཆེར་བསྐྱངས། འདུལ་བ་ཤིན་ཏུ་མཁས་པས་དགེ་འདུན་གྱི་སྡེ་སྤེལ་བ་དང་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པའི་སློབ་མ་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་པདྨ་འབྱུང་གནས། ཛི་ན་མི་ཏྲ་སོགས་བསྟན་འགྲོར་མཛད་རྗེས་ཆེ་བའི་སྐྱེས་ཆེན་མང་དུ་འཕེལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ཞེས་བསྔགས་པ་ལས་སློབ་དཔོན་འདི་ཡིས་སངས་རྒྱས་པའི་བསྟན་པའི་ནང་མཛོད་དམ་ཆོས་འདུལ་བའི་གཞུང་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་གནང་བས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུའི་གཡོན་དུ་བཞུགས་པར་འོས་པས་མཆོག་ཅེས་གྲགས། སངས་རྒྱས་ཀྱི་བསྟན་པའི་གཞི་མ་ཚུལ་ཁྲིམས་ལ་བརྩོན་པར་མཛད་བཞིན་དུ་སྐུ་མྱ་ངན་ལས་འདས་པའོ།། །།

༄༅། །འཕགས་པ་གནས་བརྟན་ཀླུའི་སྡེ་ནི། ཕྱག་གཡས་མཁར་གསིལ། ཕྱག་གཡོན་བུམ་པ་བསྣམས་པ། འཁོར་དགྲ་བཅོམ་པ་སྟོང་དང་ཉིས་བརྒྱ་དང་ལྷན་རྒྱལ་པོའི་ཁབ་ཀྱི་རི་ཆེན་པོ་ཞིག་ལ་བཞུགས། གནས་བརྟན་འདི་རྒྱ་གར་བྱང་ཕྱོགས་སྲེག་མའི་གྲོང་ཁྱེར་ཞེས་བྱ་བའི་རྒྱལ་རིགས་སུ་སྐུ་འཁྲུངས། རྒྱལ་པོའི་བྱ་བ་ལ་ཞུགས་ན་སྡིག་པའི་ལས་མང་པོ་ལ་འཇུག་དགོས་པར་གཟིགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ང་ལྔ་བཞེས་པའི་དུས་སྐུ་མདུན་ནས་བསྙེན་པར་རྫོགས་ཤིང་དགྲ་བཅོམ་ཐོབ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཕུལ་བ་གདུལ་བྱའི་དོན་དུ་ཕྱག་ཏུ་བསྣམས་པར་གྲགས། གནས་བརྟན་འདི་ལ་གསོལ་བ་བཏབ་ན་སྡིག་པ་སྟོབས་ཆེན་འདག་པ་དང་གདུལ་བྱ་ཆེ་བ་དག་ལ་ཕན་ཡོན་ནམ་བྱིན་རླབས་འབྱུང་།། །།

༄༅། །དཔལ་ལྡན་ཟླ་བ་གྲགས་པ་ནི། ཕྱི་ལོའི་དུས་རབས་དྲུག་པའི་འགོར་རྒྱ་གར་ལྷོ་ཕྱོགས་ས་མན་ངྷར་(Kerala)ཞེས་པར་ཡབ་བྲམ་ཟེའི་རིགས་སུ་འཁྲུངས། མཚན་མཁན་གྱིས་སངས་རྒྱས་པའི་བསྟན་པ་ལ་ཞུགས་ན་སྐྱེས་བུ་ཆེན་པོར་འགྱུར་ཞེས་ལུང་བསྟན་པ་བཞིན་ཡབ་ཡུམ་གཉིས་ཀྱིས་ནཱ་ལནྡཱར་བཏང་། དེའི་མཁན་པོ་ཟླ་བ་མགོན་པོ་ལས་རབ་ཏུ་བྱུང་བས་ཟླ་བ་གྲགས་པ་ཞེས་གསོལ། རིམ་གྱིས་བསྙེན་པར་རྫོགས། སློབ་དཔོན་ཆོས་སྐྱོང་དང་སློབ་དཔོན་ཟླ་བ་མགོན་པོ་ལས་བཀའ་སྡེ་སྣོད་གསུམ་དང་གསང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས་པ་མཐར་སོན་གནང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དངོས་སློབ་ཀ་མ་ལ་བུད་དྷི་ལས་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་ལུགས་མན་ངག་དང་བཅས་པར་སྦྱངས་པ་མཐར་ཕྱིན་པར་མཛད། ཉིན་མཚན་མེད་པར་ཏིང་ངེ་འཛིན་ལ་མཐའ་གཅིག་ཏུ་གཞོལ་བས་རིང་པོར་མ་ཐོགས་པར་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ཡང་གཟིགས་ཤིང་གདམས་པ་མང་དུ་གསུངས། དགེ་འདུན་པའི་ཞལ་ཏ་པ་མཛད་སྐབས་རྩིག་པར་བ་མོ་ཞིག་བྲིས་པ་དེ་ཉིད་ལས་འོ་མ་བཞོས་ཏེ་དགེ་འདུན་ལ་བསྙེན་བཀུར་ཞུས། ནཱ་ལནྡཱའི་མཁན་པོ་མཛད་ཅིང་འཕགས་པ་སྤྱན་རས་ཀྱིས་ཞལ་གཟིགས། ཙནྡྲ་གོ་མི་དང་ལོ་བདུན་རིང་རྩོད་པ་གནང་། རྗེ་བཙུན་འཇམ་དཔལ་དབྱངས་དང་སངས་རྒྱས་བསྐྱངས་ཀྱི་སྐུ་སྐྱེར་གྲགས། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་དབུ་མ་འཇུག་པ་རང་འགྲེལ་དང་། དབུ་མ་རྩ་ཤེ་འགྲེལ་པ་ཚིག་གསལ་སོགས་མཛད་ནས་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ། གཞན་ཡང་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དང་དབུ་མ་ཚིག་གསལ་གཉིས་ལ་བོད་ཀྱི་མཁས་པས། གནམ་ལ་ཉི་ཟླ་གཉིས། ས་ལ་གསལ་བ་རྣམ་གཉིས་གྲགས་པ་སོགས་ལེགས་བཤད་ཀྱི་བསྟན་བཅོས་ཉི་ཤུ་ལོངས་ཙམ་བརྩམས་པ་རྣམས་བོད་སྐད་དུ་བསྒྱུར་ནས་བོད་ཀྱི་མཁས་པའི་སློབ་གཉེར་གྱི་གཞུང་ཤིག་ཏུ་གྱུར། མཆོག་གི་དངོས་གྲུབ་བརྙེས་ཤིང་དགུང་ལོ་མཐོ་ཙམ་བཞུགས་པའོ།། །།