ལེགས་སྐྱེས་མས་སངས་རྒྱས་ལ་བ་མཆོག་སྟོང་གི་འོ་ཐུག་ཕུལ་བའི་གནས་འདིར་རྒྱ་གར་སྐད་དུ་སུ་ཇཱ་ཏཱ་གར་(Sujata Ghar) ཞེས་འབོད་ཅིང་། གྲོང་པའི་བུ་མོ་ལེགས་སྐྱེས་མས་སངས་རྒྱས་ཐོག་མར་མཇལ་ཏེ་འོ་ཐུག་ཕུལ་སའི་གནས་དེ་ཆགས་ཡོད། གནས་དེ་ནི་རྡོ་རྗེ་གདན་ནས་ཤར་ཕྱོགས་ལམ་ཟུར་གྱི་བྱེ་ཐང་དང་ཆུ་བོ་ནཻ་རཉྫ་ནཱ་བརྒལ་ནས་སྐར་མ་ཉི་ཤུ་ཙམ་ཕྱིན་པའི་སར་ཡོད་ཅིང་། གནས་དེར་མཆོད་རྟེན་དྲུག་ཕྲེང་བ་ལྟར་ཡོད་པ་དང་། རྡོ་རྗེ་གདན་གྱི་ཤར་ཕྱོགས་ནཻ་རཉྫ་ནཱའི་འགྲམ་ན་མཆོད་རྟེན་གཅིག་ཡོད་པ་དེར་འོ་ཐུག་གསོལ་ནས་ལྷུང་བཟེད་ཆུ་ལ་བསྐུར་ཏེ་སླར་ལོག་པའི་གནས་ན་རྡོ་རིང་འདོམ་རེ་ལྷག་ཙམ་བྱས་པའི་ནང་ན་རྡོའི་མཆོད་རྟེན་རེ་བཞུགས་པར་གསུངས་པ་ནི། ད་ལྟ་ལོ་དྲུག་དཀའ་སྤྱད་མཛད་པའི་གནས་ཀྱི་ཉེ་འགྲམ་ཆུ་བོ་ནཻ་ར་ཉྫ་ནཱའི་ཟམ་ཆེན་གྱི་སྣེ་མོའི་གྲོང་ཚོ་ཆུང་ངུ་ཞིག་གི་རྒྱབ་ངོས་སུ་གོང་དེ་ཡིན་ནམ་སྙམ་པའི་རྗེས་ཤུལ་དང་། དེ་དང་ཉེ་བར་ན་སེ་ནཱ་ནི་ (Senani) ཟེར་བའི་གྲོང་གསེབ་ཅིག་ཏུ་ད་ལྟ་གསར་དུ་བཞེངས་པའི་སྐུ་བརྙན་དེ་མཇལ་རྒྱུ་ཡོད།། །།
གནས་མཆོག་རྡོ་རྗེ་གདན་ནི། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་དེ་ཡིན་པ་དང་། ནང་པའི་གནས་ཆེན་ཀུན་གྱི་གཙོ་བོ་དང་གནས་ཆེན་བཞིའི་ཡ་གྱལ་བདག་ཅག་གི་སྟོན་པ་མཆོག་དཀའ་བ་སྤྱད་ས་དང་། བྱང་ཆུབ་ཤིང་དྲུང་དུ་གཤེགས་པ། བདུད་བཅོམ་པ། སངས་རྒྱས་སའི་གནས་ཁྱད་འཕགས་ཅན་དེ་ཆགས་ཡོད། དེ་ཡང་དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ནང་དུ་གསལ་བར་གཞིགས་ན། གན་དྷོ་ལ་འདི་ཐོག་མར་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་གིས་བཞེངས་ཀྱང་ཟེར་ལ། ཁག་ཅིག་གིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡིན་ཡང་ཟེར། གང་ལྟར་བར་སྐབས་ཤིག་ན་གནས་མཆོག་རྡོ་རྗེ་གདན་ནི་ཤིན་ཏུ་ཉམས་ཆག་ཏུ་གྱུར་པ་ལས། མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་ཞིག་གིས་གསོས་བགྱིས་ཏེ་ད་བར་ལོ་ངོ་སྟོང་ཕྲག་ཙམ་སོང་ཡོད་པ་དང་། དེ་རྗེས་སླར་ཡང་ཉམས་པ་ན། བྷར་མའི་ཡུལ་གྱི་ནང་པ་རྣམས་ནས་ཞིག་གསོས་བགྱིས་ཏེ་ད་བར་ལོ་ངོ་དྲུག་བརྒྱ་ལྷག་སོང་ཡོད། གནས་མཆོག་རྡོ་རྗེ་གདན་ནི། ནང་པ་སངས་རྒྱས་པའི་རྗེས་འཇུག་པ་རྣམས་ཀྱི་ཤིན་ཏུ་རྩ་ཆེར་འཛིན་པའི་གནས་མཆོག་ཞིག་ཡིན་ལ། གནས་དེ་ནས་བྱང་ཆུབ་སེམས་དཔའ་དཀའ་ཐུབ་ལས་བཞེངས་པ་དང་། སྔོན་ཡུན་རིང་པོ་ནས་སྨོན་ལམ་བཏབ་པ་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་མཆོག་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་འོ་ཐུག་གསེར་སྣོད་བཀང་སྟེ་ཕུལ་བ་བཞེས་ནས། བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་ལམ་བར་དུ་རྩྭ་ཚོང་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་ཕུལ་བ་དེ་ཉིད་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་དྲུང་དུ་རྩྭ་ཀུ་ཤའི་རྩེ་མོ་རྣམས་གཡས་སུ་བསྟན་པའི་གདན་གྱི་སྟེང་དུ་སྐྱིལ་ཀྲུང་བཅས་ཏེ། སྐུ་དྲང་པོར་བསྲང་ཞལ་ཤར་ཕྱོགས་སུ་གཟིགས་ནས། ཇི་སྲིད་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟན་འདི་ལས་གཡོ་འགུལ་ཙམ་ཡང་མི་བྱའོ་སྙམ་པའི་དམ་བཅའ་དང་བཅས་སྙོམས་པར་ཞུགས་པ་དང་། བདུད་རིགས་རྣམས་སེམས་རབ་ཏུ་འཁྲུགས་ཏེ། བདུད་དམག་བྱེ་བ་འབུམ་ལྷག་ནས་མཚོན་ཆའི་ཆར་ཕབ་ཀྱང༌། དེ་དག་ཐམས་ཅད་མེ་ཏོག་གི་ཕྲེང་བར་གྱུར་ནས། སྐུ་ལ་ཅི་ཡང་མ་གནོད་པར་ས་ག་ཟླ་བའི་ཚེས་བཅུ་བཞིའི་སྲོད་ལ་བདུད་སྡེ་རྣམས་བཅོམ། གུང་ལ་མཉམ་པར་བཞག ཚེས་བཅོ་ལྔའི་ཐོ་རངས་ལ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་མཛད་པ་བསྟན་ཏོ།། །།
དཔལ་ལྡན་ཤ་བ་རིའི་སྒྲུབ་ཕུག་ནི། ག་ཡཱ་གྲོང་ཁྱེར་ནས་ཟམ་ཆེན་བརྒལ་བའི་བྱང་ཕྱོགས་ཀྱི་རི་རྒྱུད་ག་ཡཱ་གོ་རི་བྱ་བ་དང་། དེ་ནས་ཕྱིན་པའི་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་དཔལ་ལྡན་ཤ་བ་རི་དབང་ཕྱུག་གིས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞལ་གཟིགས་བྱུང་སའི་བྲག་ཕུག་དང་། ཤིང་ཙནྡན་རྐང་གཅིག་པ་ཞེས་པ་དག་ཀྱང་མཇལ་རྒྱུ་ཡོད་ལ། དེར་རྩེ་རྣམ་རྒྱལ་གྲྭ་ཚང་གིས་བདག་སྐྱོང་བྱས་པའི་དགོན་པ་ཞིག་ཀྱང་ཡོད། དེའི་མདུན་ཐང་དུ་དུར་ཁྲོད་བསིལ་བ་ཚལ་ཡིན་ཟེར་བ་ཡོད་ཀྱང་། ཆག་ལོ་ཆོས་རྗེ་དཔལ་གྱིས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ནི། ནཱ་ལནྡཱའི་ཕྱོགས་སུ་ནགས་ཚལ་དང་སེམས་ཅན་ཡོད་ས་ཞིག་ཡིན་པར་གསུངས་པ་དང་། སྟོན་པ་ག་ཡཱ་གོ་རི་ནས་རྒྱལ་པོའི་ཁབ་ཏུ་བྱོན་སྐབས་སུ་བསིལ་བ་ཚལ་དུ་ཞག་གཅིག་བཞུགས་ཤིང་། རྒྱལ་པོ་གཟུགས་ཅན་སྙིང་པོས་ཕེབས་བསུ་ལ་ཡོང་བ་ཐོག་མར་མཇལ་བའི་ལོ་རྒྱུས་ཡོད་པ་ལྟར་ན་ངོས་འཛིན་བྱེད་ཕྱོགས་ལ་མི་མཐུན་པ་འདུག། །།
འཇིགས་སུ་རུང་བའི་དུར་ཁྲོད་ནི། རྡོ་རྗེ་གདན་ནས་ལྷོ་ནུབ་ཕྱོགས་སུ་ཁ་གཏད་དེ་སྤྱི་ལེ་ ༥༨ ཙམ་གྱི་སར་ཀཽ་ལེཤྭ་རཱི་ (Kauleshwari) ཞེས་པའི་ས་ཆར་རླངས་འཁོར་ནང་ཆུ་ཚོད་ ༢ དང་ཕྱེད་ཀ་ཙམ་བསྐྱོད་རྗེས། རི་འདབས་ཤིག་ནས་གོམ་པ་བརྒྱབ་སྟེ་ཧ་ལམ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ཞིག་རི་བོ་དང་ཤིང་ནགས་སྟུག་པོ་ཞིག་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད། གནའ་སྔ་མོར་གནས་དེའི་ཁོར་ཡུག་ཡོངས་རྫོགས་རི་བོ་དང་ཤིང་ནགས་ཀྱིས་བསྐོར་ཡོད་པ་དང་། མཐའ་སྐོར་དུ་གཅན་གཟན་དང་སྲོག་ཆགས་ཀྱི་འཇིགས་པ་ཤིན་ཏུ་ཆེན་པོ་ཡོད་ཚུལ་ལོ་རྒྱུས་སོགས་ལས་འཐོན་གྱི་ཡོད་ན་ཡང། ད་ལྟའི་སྐབས་སུ་གནས་དེར་བསྐྱོད་པར་གཅན་གཟན་གྱི་འཇིགས་པ་དང་ལམ་གྱི་དཀའ་ངལ་སོགས་མེད་པ་ལྟ་བུར་གྱུར་ཡོད། རི་བོ་དེའི་སྟེང་དུ་ཧིནྡཱུའི་ལྷ་ཁང་ཀཽ་ལེཤྭ་རཱི་དང་དེ་མིན་གཞན་ཁག་ཅིག་ཡོད་ཀྱང་ནང་པའི་གནས་ཡོད་པའི་རྟགས་མཚན་ཆེན་པོ་མེད། དེ་ནས་གཞོགས་གཡོན་ཕྱོགས་སུ་བསྐྱོད་ན་འཇིགས་སུ་རུང་བའི་དུར་ཁྲོད་ཀྱི་ཤུལ་ཙམ་མ་ཟད། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་ཉམས་ལེན་དང་སྒྲུབ་པ་གནང་སའི་སྒྲུབ་ཕུག་ཀྱང་ཁ་ཤས་མཇལ་རྒྱུ་ཡོད། གནས་དེ་ནི་འཇིགས་སུ་རུང་བའི་དུར་ཁྲོད་དངོས་ཡིན་པ་རེད།། །།
ཀཽ་ཤཱམྦཱི་ (Kaushambi) ནི། བྱང་ཆུབ་སེམས་དཔའ་སྐུ་བལྟམས་པ་དེའི་ཚེ་ན་གྲོང་ཁྱེར་ཆེན་པོ་བཞི་ཡི་རྒྱལ་པོ་ཆེན་པོ་བཞི་ལ་བུ་རེ་བཙས་པའི་ཡ་གྱལ་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་བ་བཙས་པའི་ཡུལ་ཡིན་པ་མ་ཟད། ཀུན་དགའ་ར་བ་ཞེས་པ་སྟོན་པའི་བཞུགས་གནས་དང་། བློན་པོ་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་ལོ་གཅིག་བཞུགས་ཤིང་། དེང་སང་གནས་དེར་གནའ་བོའི་ཕོ་བྲང་གི་ཤུལ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་། ཞིང་གི་དཀྱིལ་ན་སྔོན་གྱི་གྲོང་ཁྱེར་གྱི་ལྕགས་རི་གསལ་ཙམ་ཡོད་པ་དང་། ཀཽ་ཤཱམྦཱི་ནས་ལྷོ་ཕྱོགས་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང༌ཞིང་། དེང་སྐབས་རྒྱ་གར་གྱི་ཨུཏྟར་པྲ་དེ་ཤའི་ (Uttar Pradesh) གྲོང་ཁྱེར་ཀཱན་པུར་ (Kanpur) ཞེས་པ་ཆུ་བོ་ཡ་མུ་ནཱའི་འགྲམ་དུ་ཀཽ་ཤཱམྦཱིའི་ཤུལ་དེ་ཡོད། ཝཱ་རཱ་ཎ་སཱི་ (Varanasi) ནས་ཀཽ་ཤཱམྦཱི་བར་དུ་སྤྱི་ལེའམ་ཀི་ལོ་མི་ཊར་ ༢༠༡ ཙམ་ཡོད།། །།
རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིའམ་གྲྀདྡྷ་ཀཱུཊ་ (Gridhakuta) ནི། རྡོ་རྗེ་གདན་ནས་སྤྱི་ལེ་ ༧༡ ཙམ་གྱི་མཚམས་སུ་གནས་ཡོད་པ་དང་། སྟོན་པ་ཤཱཀྱ་ཐུབ་པས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་རམ། ཐེག་པ་ཆེན་པོ་དབུ་མ་པ་རྣམས་ལ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་པའི་གནས་ཡིན་ལ། དེའི་མིང་ཐོགས་ཚུལ་ནི་གནས་དེའི་རིའི་དབྱིབས་བྱ་རྒོད་མང་པོ་འཚོགས་པའི་དབྱིབས་དང་འདྲ་བས་དེ་སྐད་གྲགས་ཟེར་བ་དང་། ཉེ་འཁོར་གྱི་རི་གཞན་དག་ལས་མཐོ་བ་དང་དེའི་རི་རྐེད་མཚམས་སུ་བྲག་རི་ཆུང་ངུ་ཞིག་ཡོད་པ་དེའི་སྟེང་དུ། ཤེར་ཕྱིན་གྱི་མདོ་གསུངས་སའི་གནས་དེ་མཇལ་རྒྱུ་ཡོད། ཤེར་ཕྱིན་མདོ་གསུངས་སའི་གཡས་ཕྱོགས་ཀྱི་རི་རྩེ་རུ་ཉི་ཧོང་གིས་བཞེངས་པའི་ལྷ་ཁང་དང་ཕྱོགས་བཞིར་བཅོམ་ལྡན་འདས་ཀྱི་མཛད་པ་བཞིའི་སྐུ་བརྙན་ཅན་གྱི་ཞི་བའི་མཆོད་རྟེན་ཞེས་པ་ཞིག་མཇལ་རྒྱུ་ཡོད། གནས་དེ་ནི་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་ཀི་ལོ་མི་ཊར་ ༧༥ སར་རི་ངོས་སུ་གོམ་པ་བརྒྱབ་ནས་ཕྱིན་ན། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་སའི་གནས་དེ་མཇལ་རྒྱུ་ཡོད། དེང་སང་རྐང་ལམ་འགྲོ་ས་དེ་ཉིད་རྡོ་སྐས་བཏིངས་ནས་འགྲོ་ལམ་ཡག་པོ་ཡོད། མདུན་ཐང་དུ་ཁང་རྙིང་ཆེན་པོའི་ཤུལ་ཡོད་པ་དང་། རྒྱབ་ཏུ་བྲག་ཕུག་ཁང་སྒོའི་དབྱིབས་ཅན་དང་། ནང་དུ་རྒྱ་ཆེ་ཞིང་ཁོད་ཡངས་པ། དེའི་བྲག་ངོས་སུ་ཡི་གེ་དང་། སྐུ་བརྙན་གྱི་རི་མོ་ཡོད་པ་དང་། དེའི་རྒྱབ་ཏུ་གསེར་ཡོད་ཚུལ་སོགས་ཀྱི་སྒྲུང་འདྲ་པོ་རྒྱ་གར་བ་དག་གིས་གནས་བཤད་བྱེད་ཀྱི་འདུག བྲག་ཕུག་དེ་ནི། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་དེའི་དབྱར་ཁར། རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ། རྒྱལ་པོའི་ཁབ་ཀྱི་ཤིང་ནྱ་གྲོ་དྷའི་ཕུག་ཏུ་འོད་སྲུངས་ཆེན་པོ་དང་། ཀུན་དགའ་བོ་སོགས་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་གནས་ཡིན་ཞིང་། ཡུལ་སྐད་དུ་སཏྟ་པརྞཱི་ཕུག་ (Saptaparni Cave) ཅེས་བརྗོད་པ་དང་། དེའི་པར་རིས་དང་འོག་ཏུ་ལོ་རྒྱུས་བཀོད་པ་ལ་གཞིགས་ན། འོད་སྲུང་ཆེན་པོ་དང་། དགེ་འདུན་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་གནས་ཡིན་པར་གསལ་པོ་བྲིས་འདུག་པ་མ་ཟད། ལོ་རྒྱུས་སུ་ཡང་། རྒྱལ་པོའི་ཁབ་ཀྱི་ཤིང་ནྱ་གྲོ་དྷའི་ཕུག་ཏུ་བཀའ་བསྡུ་དང་པོ་མཛད་པར་གསུངས་པ་དང་ཀུན་ནས་མཐུན་ནོ། ། དགེ་ཆོས་ཀྱི་གནས་ཡིག་ཏུ་ཆུ་ཚན་དང་ཉེ་བ་ན་བཀའ་བསྡུ་དང་པོ་མཛད་པའི་བྲག་ཕུག་ཡོད་པར་གསལ་བ་དེ་དང་ཕྱོགས་མཚུངས། ཡུལ་སྐད་དུ་སཏྟ་པརྞཱི་ཕུག་ (Saptaparni Cave) ཅེས་པ་ཞིག་དང་། འོད་སྲུང་ཕུག་ (Urvila kashab Cave) ཅེས་གཉིས་ཡོད་ཅིང་། དེ་གཉིས་ནི་ཆུ་ཚན་ཡོད་སའི་རིའི་སྒང་དུ་ཐག་རིང་པོར་ཕྱིན་ན། རི་དེའི་ཕྱོགས་གཡས་གཡོན་ལ་ཡོད་པར་བརྗོད་པ་དང་། འགྲོ་མཁན་མང་ཆེ་བ་ཧིནྡཱུ་རེད་འདུག། །།
དཔལ་ནཱ་ལནྡཱ་ (Nalanda) ཞེས་པ་ནི་བི་ཧར་མངའ་སྡེའི་ཁོངས་སུ་ཡོད་པ་དང་། རྡོ་རྗེ་གདན་ནས་ཕྱི་ལེ་ ༨༦ ཙམ་གྱི་མཚམས་སུ་གནས་ཡོད། གནས་དེ་ནི་ཕྱི་ལོའི་དུས་རབས་ལྔ་པའི་འགོ་སྟོད་ཙམ་ལ་གསར་དུ་བསྐྲུན་པའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞིག་རེད། ཆོས་སྡེ་ཆེན་པོ་དེ་ནི་གནའ་དུས་རྒྱ་གར་གྱི་རྒྱལ་པོ་ཆེན་པོ་ལོ་ཛ་ཏེ་ཇི་སྟེ་འཇིག་རྟེན་ཉི་མ་ཞེས་པས་ས་གཞི་བཟང་པོ་ཞིག་བཙལ་ཏེ། གཙུག་ལག་ཁང་ཐོག་མར་དབུ་བཙུགས་པ་དང་། དེ་ནས་རྒྱལ་པོ་དེའི་བུ་བུདྡྷ་གུཔྟ་སྟེ་སངས་རྒྱས་སྦས་པས་རྒྱལ་སྲིད་བསྐྱངས་ཤིང་། ཤུལ་འཛིན་ཚ་བོ་ཏ་ཐཱ་ག་ཏ་གུཔྟ་སྟེ་དེ་བཞིན་གཤེགས་པ་སྦས་པས། གཙུག་ལག་ཁང་དང་རྭ་བ་ཞིག་རལ་རྣམས་ལེགས་གསོ་བྱས། དེའི་རྒྱལ་པོ་ཕྱི་མ་བྷུ་རཱ་ཏེ་ཛ་སྟེ་སྒྱུ་མའི་ཉི་མ་ཞེས་བྱ་བས་ནཱལནྡཱ་ཤར་ངོས་དང་། བྱང་ཤར་ཕྱོགས་སུ་གཙུག་ལག་ཁང་རེ་བཞེངས་པར་གསལ་ཞིང་། ད་ལྟ་ནཱ་ལནྡཱ་རུ་སྔོན་གྱི་བྱུང་རབས་ལོ་རྒྱུས་ཡི་གེ་རྡོ་བརྐོས་ཤིག་འདུག་པ་དེའི་ངོས་སུ་ཕྱི་ལོ་ ༤༡༣ ནས ༤༥༥ བར་གུཔྟའི་རྒྱལ་བརྒྱུད་ཀུ་མཱ་ར་གུཔྟས་ (Kumara Gupta) བཞེངས་པ་དང་། དེ་ནས་དུས་རབས་དྲུག་པའི་ནང་ཀནྣཽ་ཛ་(Kannauj) ཞེས་པས་མཐུན་སྦྱོར་རྒྱ་སྐྱེད་ཆེན་པོ་གནང་བ་མ་ཟད། དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་པཱ་ལཱའི་རྒྱལ་བརྒྱུད་རྣམས་ཀྱིས་ཀྱང་མཐུན་སྦྱོར་རྒྱ་སྐྱེད་གནང་ཡོད། དེ་ནས་ཕྱི་ལོ ༡༢༠༠ ལོར་ཁ་ཆེའི་རྒྱལ་པོ་ཁིལ་ཇཱི་ (Khilji) ཞེས་པས་གཏོར་བཅོམ་བྱས་ཚུལ་བཀོད་འདུག བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་དེའི་ནང་དེ་སྔོན་ཐེག་པ་ཆེ་ཆུང་མདོ་སྔགས་ཡོངས་རྫོགས་དང་། སྒྲ་རིག་པ། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་རིག་གནས་ཆེ་ཆུང་བཅུ་ཀ་འཆད་ཉན་ཁྱད་དུ་འཕགས་པ་ཡོད་པ་དང་། རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་གནས་དེར་ཕེབས་སྐབས་སུ་དགེ་སློང་ཁྲི་ཕྲག་བཞུགས་པར་བཤད་པ་དང་། ལོ་རེ་རེའི་ནང་དུ་དམ་ཆོས་སྡེ་སྣོད་གསུམ་ལ་སྦྱངས་བའི་ཕ་རོལ་ཏུ་ཕྱིན་པའི་མཁས་པ་སྟོང་ཕྲག་ལྷག་རེ་ཡོད་ཅེས་ཡིག་རྙིང་དག་ཏུ་གསལ་ཞིང་། ཆོས་སྡེ་ཆེན་པོ་དེ་ནས་ཐོན་པ་རྒྱ་གར་དུ་སྙན་གྲགས་ཆེ་བའི་སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཟླ་བ་གྲགས་པ། དཔལ་ཆོས་ཀྱི་གྲགས་པ། མཁན་ཆེན་ཞི་བ་འཚོ་སོགས་སྔོན་གྱི་པཎྜི་ཏ་དང་མཁས་པ་ཆེན་པོ་ཕལ་ཆེ་བ་ཆོས་སྡེ་དེ་ནས་ཕེབས་པ་ཤ་སྟག་ཡིན་པ་མ་ཟད། བོད་པ་ཡང་མང་པོ་གནས་དེར་སློབ་གཉེར་གནང་ནས་ལོ་ཙ་བ་ཆེན་པོར་གྱུར་པ་མང་པོ་བྱུང་ཡོད་ལ། ལྷག་པར་དུ་བོད་ཀྱི་ཆོས་ཀྱི་འབྱུང་ཁུངས་ནི་དཔལ་ནཱ་ལནྡཱ་རང་ནས་བྱུང་བ་ཡིན་ནོ།། །།
གྲོང་ཁྱེར་པཊ་ནཱ་ནི། བོད་ཀྱི་སྐད་ཡིག་དུ་སྐྱ་ནར་བུའི་གྲོང་ཁྱེར་ཟེར། དེ་ནི་སྔོན་རྒྱལ་པོ་ཨ་ཤོ་ཀའམ་ཆོས་རྒྱལ་མྱ་ངན་མེད་ཅེས་སྙན་གྲགས་ཅན་གྱི་རྒྱལ་པོ་དེའི་རྒྱལ་ས་དང་། བི་ཧཱར་མངའ་སྡེའི་རྒྱལ་ས་ཡིན་ཞིང་། གནས་དེར་ཆོས་རྒྱལ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ་དང་། མེ་འཁོར་འབབ་ཚུགས་དེ་ནས་ཅུང་ཙམ་ཕྱིན་ན། འགྲེམས་སྟོན་ཁང་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་གནའ་བོའི་སྐུ་བརྙན་དང་། གནའ་རྫས་རྙིང་པ་འདྲ་མིན་སྣ་ཚོགས་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོའི་འདྲ་བརྙན་ཡིན་ཟེར་བ་ཤེལ་ལྟར་དཀར་བའི་རྡོ་བརྐོས་ཤིག་དང་། ཕྱི་ལོ་ ༡༩༢༩ ལོར་རྒྱ་གར་གྱི་མཁས་པ་རཱ་ཧུ་ལས་བོད་ནས་གདན་དྲངས་པའི་སྐུ་གསུང་ཐུགས་རྟེན་རྙིང་པ་ཡང་མང་པོ་མཇལ་རྒྱུ་ཡོད་པ་དང་། མེ་འཁོར་འབབ་ཚུགས་དེའི་མདུན་ཕྱོགས་སུ་གོམ་པ་བརྒྱབ་སྟེ་ཅུང་ཙམ་ཕྱིན་ན། གསར་དུ་བཟོས་པའི་སྐྱེད་མོས་ཚལ་ཞིག་དང་། དེའི་ནང་དུ་གསར་བཞེངས་བྱས་པའི་མཆོད་རྟེན་ཞིག་ཡོད། མཆོད་རྟེན་དེའི་ནང་དུ་ཡངས་པ་ཅན་གྱི་མཆོད་རྟེན་ཅིག་ལས་རྙེད་པའི་སངས་རྒྱས་ཀྱི་སྐུ་རུས་འཁྲུལ་མེད་ཡིན་པ་ཚན་པ་འགའ་བཟོས་ནས་མཆོད་རྟེན་ནང་དུ་མཇལ་རྒྱུ་འདུག། །།
ཡངས་པ་ཅན་ནམ་བཻ་ཤཱ་ལཱི་ (Vaishali) ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་འབྲིང་བ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བའི་གནས་དང་། སྔོན་བཅོམ་ལྡན་འདས་ཤིང་ཨཱ་མྲའི་སྐྱེད་མོས་ཚལ་དང་། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་པར་འདུལ་བ་ལས་གསུངས་པའི་གནས་ཆེན་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ། གྲོང་ཁྱེར་ཡངས་པ་ཅན་གྱི་ཀུ་སུམ་པུ་རིའི་གཙུག་ལག་ཁང་དུ་དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་དགྲ་བཅོམ་བདུན་བརྒྱས་བཀའ་བསྡུ་གཉིས་པ་མཛད་པ་སོགས་ཀྱི་གནས་ཡིན། ཆོས་རྒྱལ་མྱ་ངན་མེད་ཀྱིས་སེར་སྐྱ་དང་། ཝཱ་རཱ་ཎ་སཱི། གཉན་ཡོད། རྒྱལ་པོའི་ཁབ། ཡངས་པ་ཅན། གྲོང་ཁྱེར་གསལ་ལྡན། རྩྭ་མཆོག་གྲོང་། རྡོ་རྗེ་གདན་བཅས་གནས་ཆེན་བརྒྱད་དུ་དྷརྨ་རཱ་ཛ་ཀ་ཞེས་པའི་མཆོད་རྟེན་ཆེན་པོ་བརྒྱད་བཞེངས་པར་རྡོ་རྗེ་གདན་གྱི་རྣམ་བཤད་རྒྱན་གྱི་མེ་ཏོག་ཏུ་གསལ་བ་ལས། ཡངས་པ་ཅན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བསླངས་པའི་རྡོ་རིང་སེངྒེའི་ཏོག་ཅན་ཞིག་དང་། དེའི་མདུན་དཀྱིལ་དུ་མཆོད་རྟེན་ཟླུམ་གཟུགས་དེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་ཡིན་ནམ་སྙམ་པའི་མཆོད་རྟེན་དང་། གནའ་དུས་སུ་ཡངས་པ་ཅན་དགེ་འདུན་གྱི་སྡེ་ཚོགས་ཆེན་པོ་ཡོད་པའི་དགོན་ཤུལ་ཧ་ཅང་གི་ཆེན་པོ་བཅས་མཇལ་རྒྱུ་ཡོད། དེ་ནས་ལྷོ་ངོས་སུ་ཅུང་ཙམ་ཕྱིན་ན། སྟོན་པ་མྱ་ངན་ལས་འདས་རྗེས་སྐུ་གདུང་རིང་བསྲེལ་ཆ་བརྒྱད་དུ་བགོས་ཏེ། ལི་ཙཱ་བའི་སྐལ་བ་རིང་བསྲེལ་བཞུགས་པའི་གནས་དང་། དེའི་མདུན་མིག་རྒྱང་གཅིག་གི་སར་སྤྲེའུ་རྫིང་དང་། སྤྲེའུ་ཚོགས་ཀྱིས་སྟོན་པ་ལ་སྦྲང་རྩི་ཕུལ་བའི་གནས་དང་། དེའི་འགྲམ་དུ་ཀུན་དགའ་བོས་མྱ་ངན་ལས་འདའ་སྐབས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ནས་སྐུ་ལུས་དེ་དུམ་བུ་གཉིས་མཛད་དེ། ཕྱེད་དེ་ཡངས་པ་ཅན་པ་དང་། ཕྱེད་དེ་རྒྱལ་པོ་མ་སྐྱེས་དགྲ་ལ་ཐོབ་ནས་ལི་ཙཱ་བ་རྣམས་ཀྱིས་ཡངས་པ་ཅན་དུ་མཆོད་རྟེན་བཞེངས་པའི་གནས་བཅས་མཇལ་རྒྱུ་ཡོད། སྔོན་རྒྱའི་སློབ་དཔོན་ཐང་ཟན་ཙང་གིས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆགས་ཤུལ་ཁོར་ཡུག་ཏུ་ལེ་དབར་བདུན་ཅུའི་སྐོར་ཡོད། མི་ཁྱིམ་ཤིན་ཏུ་ཉུང་ལ། གནས་དེར་མཆོད་རྟེན་བརྒྱད་ཡོད་པར་གསུངས་སོ།། །།