
༄༅།། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པ་ནི། སྐུ་མདོག་མཐིང་ག་ཞལ་བཞི་ཕྱག་བཅུ་གཉིས། རྩ་ཞལ་ནག་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་པོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་ལྤགས་སྡིགས་འཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ཏེ་འཛིན་པ། ཕྱག་གཡས་ལྷག་མ་བཞི་ན་ཌ་མ་རུ་དང་། དགྲ་སྟ། གྲི་གུག མདུང་རྩེ་གསུམ། ཕྱག་གཡོན་ལྷག་མ་བཞི་ན་ཁ་ཊྭཱཾ་ག་དང་། ཐོད་པ། ཞགས་པ། ཚངས་པའི་མགོ་རྣམས་འཛིན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལས་བརྒྱུས་པའི་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆིང་བ་ཞལ་རྣམ་པར་འགྱུ་བ། མཆེ་བ་བཞི་གཙིགས་པ་གར་དགུའི་ཉམས་དང་ལྡན་པ། མགོ་བོ་རློན་པ་ལྔ་བརྒྱའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། འཇིགས་བྱེད་སྔོན་པོ་དང་དུས་མཚན་མ་དམར་མོའི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པ། འཁོར་མཁའ་འགྲོ་མ་བཞི་དང་། ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་ལ་དཔའ་བོ་བརྒྱད་དང་དཔའ་མོ་བརྒྱད། སྒོ་བཞི་དང་མཚམས་བཞི་ལ་མཁའ་འགྲོ་མ་བརྒྱད་བཞུགས་པའོ།། །།

༄༅། །འཕགས་པ་ཉི་མ་གུང་པ་ནི། འཕགས་པ་ཀུན་དགའ་བོ་མྱ་ངན་ལས་འདའ་ཁར་དྲང་སྲོང་ལྔ་བརྒྱ་ཕེབས་པ་རྣམས་ཆུ་བོ་གངྒཱའི་དབུས་སུ་ཉི་མའི་གུང་ལ་རབ་བྱུང་དང་བསྙེན་རྫོགས་བསྒྲུབས་མ་ཐག་དགྲ་བཅོམ་པའི་གོ་འཕང་ཐོབ་པས། དེ་དག་ལས་དྲང་སྲོང་གཙོ་བོ་ལ་དགྲ་བཅོམ་པ་ཉི་མ་གུང་པའམ་ཆུ་དབུས་པ་ཞེས་གྲགས། དེས་ཀྱང་འཕགས་པ་ཀུན་དགའ་བོ་མྱ་ངན་ལས་མ་འདས་པའི་སྔོན་དུ་བདག་མྱ་ངན་ལས་འདའ་བར་དགོངས་ཏེ་འཕགས་པ་ལ་ཞུས་པའི་ཚེ། ཀུན་དགའ་བོས་ཉི་མ་གུང་པ་ལ་ཁྱོད་མྱ་ངན་ལས་མི་འདའ་བར་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་དགོས་གསུངས་པ་བཞིན་རྫུ་འཕྲུལ་གྱིས་དེར་བྱོན་ཏེ།ཀླུ་གདུག་པ་ཅན་འགྲོ་བ་མང་པོར་འཚེ་བ་ཞིག་ཡོད་པ་འདུལ་ཆེད་མཉམ་པར་བཞག་པ་ཀླུས་ཤེས་ཏེ་མཚོན་གྱི་ཆར་ཕབ་པ་མེ་ཏོག་སྣ་ཚོགས་སུ་གྱུར་ཏེ་གནོད་མ་ནུས་པས་བཀའ་ལས་མི་འདའ་བ་དང་། ཀླུ་རྣམས་ཀྱིས་འཕགས་པའི་ཆོས་གོས་ཀྱི་གྲིབ་མས་ནོན་པའི་ས་ཡི་གུར་གུམ་འབུལ་བར་ཁས་བླངས་པ་ལ། འཕགས་པ་ཉི་མ་གུང་པ་མཁའ་ལ་འཕུར་ཏེ་ཆོས་གོས་ཆེན་པོར་སྤྲུལ་ནས་དེའི་གྲིབ་མ་ནི་ཁ་ཆེའི་ཡུལ་ཐམས་ཅད་ལ་ཕོག་པས་ཡུལ་ཀུན་ཏུ་གུར་གུམ་གྱིས་ཁྱབ་པར་མཛད། རི་སྤོས་ངད་ལྡང་བ་ནས་གུར་གུམ་བླངས་ཏེ་བཏབ་ནས་བསྟན་པ་ཇི་སྲིད་བར་སྐྱེ་བར་བྱིན་གྱིས་བརླབས། གུར་གུམ་གྱི་སྦྱིན་པའང་རྒྱ་ཆེར་བཏང་། ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་ཙམ་གྱི་རིང་ཆོས་བསྟན་ནས་བསྟན་པ་རྒྱས་པར་བྱས་ཏེ་སྐུ་མྱ་ངན་ལས་འདས་པའོ།། །།

༄༅། །འཕགས་པ་གནས་བརྟན་ཀླུའི་སྡེ་ནི། ཕྱག་གཡས་མཁར་གསིལ། ཕྱག་གཡོན་བུམ་པ་བསྣམས་པ། འཁོར་དགྲ་བཅོམ་པ་སྟོང་དང་ཉིས་བརྒྱ་དང་ལྷན་རྒྱལ་པོའི་ཁབ་ཀྱི་རི་ཆེན་པོ་ཞིག་ལ་བཞུགས། གནས་བརྟན་འདི་རྒྱ་གར་བྱང་ཕྱོགས་སྲེག་མའི་གྲོང་ཁྱེར་ཞེས་བྱ་བའི་རྒྱལ་རིགས་སུ་སྐུ་འཁྲུངས། རྒྱལ་པོའི་བྱ་བ་ལ་ཞུགས་ན་སྡིག་པའི་ལས་མང་པོ་ལ་འཇུག་དགོས་པར་གཟིགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ང་ལྔ་བཞེས་པའི་དུས་སྐུ་མདུན་ནས་བསྙེན་པར་རྫོགས་ཤིང་དགྲ་བཅོམ་ཐོབ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཕུལ་བ་གདུལ་བྱའི་དོན་དུ་ཕྱག་ཏུ་བསྣམས་པར་གྲགས། གནས་བརྟན་འདི་ལ་གསོལ་བ་བཏབ་ན་སྡིག་པ་སྟོབས་ཆེན་འདག་པ་དང་གདུལ་བྱ་ཆེ་བ་དག་ལ་ཕན་ཡོན་ནམ་བྱིན་རླབས་འབྱུང་།། །།

༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་སྐུ་མདོག་དམར་མོ་ནི།ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གསེར་མདོག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་དང་བཅས་པ། སྤྱན་གསུམ་པ། སྐྲ་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔས་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་དང་། ཕྱག་རྒྱ་ལྔས་བརྒྱན་པ། པད་ཉི་ལ་རུ་ཊ་ཕོ་མོ་གན་རྐྱལ་དུ་བསྣོལ་བའི་སྟེང་དུ་ཞབས་གཡས་བསྐུམས་གཡོན་བརྐྱངས་པས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ཀྱིས་ལས་བཞིའི་འཕྲིན་ལས་ཀྱི་སྒོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བ་ལ་བྱིན་རླབས་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་དང་། མི་དང་མི་མ་ཡིན་པའི་བྱད་ཁ་རྦོད་གཏོང་སོགས་བཟློག་པ་ལ་མཆོག་ཏུ་བསྔགས་པས། བོད་དུ་སེང་གདོང་བཟློག་སྟོང་དང་སེང་གདོང་དྲག་འདུལ་ལ་སོགས་པའི་ཆོ་ག་མང་དུ་ཡོད་པའོ།། །། བཏུས་པའི་ཁུངས། ༡༽ རྩོམ་སྒྲིག་པ་འགྱུར་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། ཕྱི་ལོ་༢༠༠༡མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༧༢༣ནས་༧༢༤བར་གསལ།

༄༅། །ཛམྦྷ་དཀར་པོ་འབྲུག་ཞོན་ལྷ་ལྔ་ནི། མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས་ལྟོགས་སྐོམ་གྱིས་མནར་བའི་མི་ཞིག་མཐོང་བར་སྙིང་རྗེ་ཚད་མེད་སྐྱེས་ཏེ་ཞལ་ས་ལ་བསྟན་ཏེ་ཐུགས་སྐྱོ་ནས་བཤུམས་ཤིང་བཞུགས་པ་ལ། འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྤྱན་ཆབ་གཡོན་པ་ནས་ཇོ་མོ་སྒྲོལ་མ་དང་གཡས་པ་ལས་འཕགས་པ་ཛམྦྷ་ལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པ། ཁྲོ་བོའི་ཆ་ལུགས་ཅན། ཕྱག་གཡས་པས་མདུང་རྩེ་གསུམ་པ་འཕྱར་བ། གཡོན་པས་ནོར་བུས་མཚན་པའི་བེ་ཅོན་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་གཡུ་འབྲུག་སྔོན་མོ་ལ་འཆིབ་པ། འཁོར་དུ་མཁའ་འགྲོ་མ་བཞིས་བསྐོར་བ་བཅས་ཀྱིས་ཞལ་གཟིགས་ཤིང་ཇོ་བོ་ལ་བྱིན་རླབས་དང་རྗེས་སུ་གནང་བར་མཛད། ཛམྦྷ་ལའི་ཞལ་ནས་མུ་ཏིག་གི་ཆར་བབས་པ་སོགས་བྱུང་། ལྷ་འདི་ཚུལ་བཞིན་བསྟེན་ན་ཚེ་འདི་ལ་བསོད་ནམས་འཕེལ་ནས་ནོར་ལོངས་སྤྱོད་རྒྱས་པ་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཡིན་པས་ཕྱི་མར་དག་ཞིང་དུ་སྐྱེ་བ་སོགས་ཀྱི་བྱིན་རླབས་འབྱུང་། ལྷ་འདིའི་གཡང་སྒྲུབ་བྱེད་པའི་ཆོ་ག་རྒྱས་བསྡུས་སྣ་ཚོགས་པ་བོད་དུ་དར་ཁྱབ་ཆེ་བའོ།། །། བཏུས་པའི་ཁུངས། ༡༽ རྩོམ་སྒྲིག་པ་འགྱུར་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། ཕྱི་ལོ་༢༠༠༡མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༩༤༢ནས་༩༤༣བར་གསལ། ༢༽ ཀིརྟི་བློ་བཟང་བསྟན་འཛིན། ཇོ་བོའི་ལུགས་ཀྱི་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་ཐུའུ་བཀྭན་གསུང་ལ་ལྷན་ཐབས་གང་དགོས་ནག་འགྲོས་སུ་བཀོད་པ་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ། ཀིརྟིའི་བྱེས་པ་གྲྭ་ཚང་གི་པར་མ། ཕྱི་ལོ་༢༠༠༨ཤོག་གྲངས་༢༢༡ནས་༢༤༣བར་གསལ།

༄༅། །མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་བཅོམ་ལྡན་འདས་མི་འཁྲུགས་པ་གཙོ་རྐྱང་ནི། སྐུ་མདོག་སྔོན་པོ་སྤྲུལ་སྐུའི་ཆ་ལུགས་ཅན། པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན། གཡོན་མཉམ་བཞག་མཛད་པ། ན་བཟའ་ཆོས་གོས་དམར་པོ་གསོལ་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ལྷ་འདི་བསྟེན་ན་སེམས་ཉོན་མོངས་པས་མི་འཁྲུགས་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་དང་དཀོར་གྱི་སྒྲིབ་པ་འདག་ཚབས་ཆེ་བ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལྡན་པས། འདས་གསོན་ཡོངས་ཀྱི་ཆེད་ལྷ་འདི་ལ་གསོལ་བ་འདེབས་ཤིང་དེའི་གཟུངས་སྔགས་བཟླ་ཞིང་། ལྷག་པར་དུ་ལྷ་འདི་ལ་བརྟེན་ནས་ཚེ་འདས་རྣམས་ཀྱི་རུས་པ་ལྷ་རུ་བསྐྱེད་ནས་སཙྪ་པར་འདེབས་པ་སོགས་བྱེད། བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པའི་སྒྲུབ་མཆོད་ཡོད་པའོ།། །། བཏུས་པའི་ཁུངས། ༡༽ རྩོམ་པ་པོ་མཁན་མངའ་རིས་པ་ཚེ་དབང་རིག་འཛིན། ལྷག་པའི་ལྷ་རྣམས་ཀྱི་ཞལ་ཐང་འབྲི་ཐབས་ཀུན་བཟང་རྣམ་པར་རོལ་པའི་ཕྱག་རྒྱ། ཕྱི་ལོ་༢༠༠༥སྨིན་གླིང་རྩོམ་སྒྲིག་ལྷན་ཚོགས་སྐབས་གསུམ་པ་ནས་འདོན་སྤེལ་ཞུས། ཤོག་གྲངས་༢༩ན་གསལ། ༢༽ སྨོན་ལམ་ཚིག་མཛོད་ཆེན་མོ།

༄༅། །དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། ཕྱི་ལོའི་དུས་རབས་དྲུག་པའི་འགོར་རྒྱ་གར་ལྷོ་ཕྱོགས་ཏཱི་མ་ལ་ཡ་(Kerala)ཞེས་པའི་ཡུལ་གྱི་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་བས་ཆོས་གྲགས་ཞེས་གསོལ། ཕྱི་ནང་གི་གྲུབ་མཐའ་དང་སྡེ་སྣོད་གསུམ་ལ་མཁས་པར་གྱུར། སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་གསན་པས་སློབ་དཔོན་ལས་ལྷག་པ་བྱུང་བ་སོགས་ཀྱིས་རྒྱན་དྲུག་ལས་ཚད་མའི་རྒྱན་དུ་བསྔགས། གདན་ས་ནཱ་ལནྡཱ་གཙོ་བོར་མཛད། དཱ་རི་ཀ་པ་སོགས་ལས་གསང་སྔགས་སྐོར་མཐའ་ཡས་པ་གསན་ཅིང་ཧེ་རུ་ཀའི་དངོས་གྲུབ་བརྙེས། མུ་སྟེགས་པ་སྟོན་པ་གཞོན་ནུ་རོལ་པ་དང་སཾ་ག་ཨཱ་ཙཱརྱ་སོགས་རིགས་པས་ཚར་བཅད་ཅིང་། ནང་པར་བཅུག་པའི་དགེ་སློང་དང་དགེ་བསྙེན་སོགས་འབུམ་ལ་ཉེ་བ་ཡོད། རྣམ་འགྲེལ་རྩ་བ་སོགས་ལུས་དང་ཡན་ལག་གི་བསྟན་བཅོས་སྡེ་བདུན་དུ་གྲགས་པ་སོགས་ཆོས་ཚན་བཅོ་ལྔ་ལྷག་མཛད། འདི་དག་བོད་སྐད་དུའང་བསྒྱུར་ཡོད། སློབ་དཔོན་ལྷ་དབང་བློ་སོགས་ཆོས་ཀྱིས་འབྲེལ་བའི་སློབ་མ་གྲངས་མེད་པ་བྱུང་། སྐུ་ཚེའི་སྨད་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས། ཡུལ་ཀ་ལིངྐའི་གཙུག་ལག་ཁང་བཞེངས་ཏེ་སྐྱེ་བོའི་ཚོགས་ལ་མཐའ་ཡས་ནང་ཆོས་རྒྱ་ཆེར་གསུངས། མཐར་གནས་དེར་མྱ་ངན་ལས་འདས་པའོ།། །།

༄༅། །རྗེ་བཙུན་འཇམ་པའི་དབྱངས་དམར་སེར་ནི། སྐུ་མདོག་དམར་སེེར་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་སྔོ་བསངས་དཔུང་བའི་ཐད་ཀར་འཕྱང་བ། ཕྱག་གཡོན་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་གསུང་རབ་ཐམས་ཅད་འདུས་པའི་པོ་ཏི། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་།དབུ་སྐྲ་རལ་བའི་ཟུར་ཕུད་ལྔ་དང་ལྡན་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་དང་ལྡན་པ། དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་ལ་རིགས་བདག་མི་བསྐྱོད་པས་བརྒྱན་པ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་པའི་ནུས་པའམ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། བོད་དུ་ཤེས་རབ་འཕེལ་བའི་ཆོ་ག་དང་སྒྲུབ་ཐབས། འདི་ལ་བསྟོད་པའི་ཚིགས་སུ་བཅད་པའི་གཞུང་སོགས་ཤིན་ཏུ་མང་། ཨ་ར་པ་ཙ་དམར་སེར་ནི་གྲུབ་ཆེན་ཛེ་ཏཱ་རི་ལས་རྡོ་རྗེ་གདན་པ་ཆེ་ཆུང་དང་བ་རི་ལོ་ཙཱ་བ་དང་། ས་ཆེན་གོང་མ་རྣམ་ལྔ་ལ་སོགས་པས་གསན་ཏེ་དངོས་སུ་ཞལ་གཟིགས་དངོས་གྲུབ་གྲུབ་པའི་ཉེ་བརྒྱུད་ཡོད་པར་གྲགས་པའོ།། །། ༡༽ རྩོམ་སྒྲིག་པ་འགྱུར་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། ཕྱི་ལོ་༢༠༠༡མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༥༡༥ན་གསལ། ༢༽ སྨོན་ལམ་ཚིག་མཛོད་ཆེན་མོ།

༄༅། །གནས་བརྟན་ཡན་ལག་འབྱུང་ནི། ཕྱག་ཏུ་རྔ་ཡབ་དང་སྤོས་ཕོར་བསྣམས་པ། འཁོར་དགྲ་བཅོམ་པ་སྟོང་དང་སུམ་བརྒྱ་དང་ལྷན་བོད་ཡུལ་གངས་རི་ཏི་སེ་ལ་བཞུགས། གནས་བརྟན་འདི་རྒྱ་གར་ཡུལ་གྱི་རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་རབ་བཟང་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས། སྟོན་པ་ཁྱིམ་དེར་བསོད་སྙོམས་ལ་ཕེབས་སྐབས། ཁྱིམ་བདག་གིས་བདག་གི་ཆུང་མ་སྦྲུམ་མ་ཡིན་པས་ཁྱེའུ་དང་བུ་མོ་གང་བཙའ་ཞུས་པར། བུ་སྐྱེས་ཏེ་རབ་ཏུ་བྱུང་ན་དགྲ་བཅོམ་ཐོབ་པར་ལུང་བསྟན། དེར་བརྟེན་གཅེར་བུ་པ་དག་གིས་ཁྱིམ་བདག་མགོ་བསྐོར་ནས་ཆུང་མའི་ལྟོ་བ་འཕུར་ཏེ་བསད། རོ་དུར་ཁྲོད་དུ་སྦས་ཏེ་ཆུང་མ་ཤི་ཞེས་ཟེར། གཅེར་བུ་པ་རྣམས་ཀྱིས་སངས་རྒྱས་ལ་འཕྱས། སྟོན་པ་འཁོར་བཅས་དུར་ཁྲོད་དེར་ཕེབས་པ་གཅེར་བུ་པ་རྣམས་ཀྱིས་མཐོང་སྟེ་རོ་མེ་ལ་བསྲེགས་ཀྱང་ལྟོ་བའི་ཉེ་འཁོར་མ་ཚིག་པར་དེའི་ནང་ནས་ཁྱེའུ་ངོ་མཚར་བ་ཞིག་བྱུང་སྟེ་མིང་ལ་ཁྱེའུ་མེ་སྐྱེས་བཏགས། ཆེར་སྐྱེས་ནས་ཁྱིམ་བདག་བྱས་པར་ནོར་ལོངས་སྤྱོད་རྒྱས་པས་ཕྱི་རོལ་པ་རྣམས་སྐྱབས་སུ་བསྟེན། ལོ་ཉེར་བདུན་སྟེང་སངས་རྒྱས་ལས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའི་གོ་འཕང་ཐོབ། གནས་བརྟན་འདི་ལ་གསོལ་བ་བཏབ་ན་ཆོས་མཐུན་གྱི་གྲོགས་དང་འབྱོར་པ་རྒྱས་ཏེ་དཀོན་མཆོག་ལ་མཆོད་བཀུར་བྱེད་པ་སོགས་ཀྱི་བྱིན་རླབས་འབྱུང་།། །།