
སེར་སྐྱའི་གྲོང་ཁྱེར་ཀ་པིལ་བསྟུ་ (Kapilvastu) ནི། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་ས་དང་། རྒྱལ་པོའི་ཁབ་ཏུ་རོལ་བའི་མཛད་པ་སོགས་མཛད་པ་དུ་མ་བསྐྱངས་སའི་གནས་མཆོག་རྩ་ཆེན་ཞིག་ཡིན། གནས་དེ་ནི་ལུམྦི་ནཱིའི་ (लुम्बिनी) ཚལ་ནས་རྒྱང་ཐག་ཀོ་ལོ་མི་ཊར་ ༢༩ ལྷག་ཙམ་གྱི་བར་ཐག་ཏུ་གནས་ཡོད་ཅིང་། གྲོང་ཁྱེར་འདི་ཉིད་གནའ་རབས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པ་དང་། སྐབས་དེའི་རྒྱ་གར་ཤཱཀྱའི་རིགས་ཀྱི་རྒྱལ་ས་གཙོ་བོ་དེ་ཆགས་ཡོད་ལ་ད་ལྟའི་ཆར་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་ཡོད། གནས་འདིར་དང་ཐོག་ཡབ་རྒྱལ་པོ་ཟས་གཙང་ངམ་ཤུདྡྷོ་ད་ན་དང་། ཁོང་གི་མེས་པོ་ཤཱཀྱའི་རྒྱལ་རབས་རིམ་བྱོན་གྱི་རྒྱལ་ས་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་བུ་གླིང་གི་གདུལ་བྱ་རྣམས་འདུལ་བའི་དུས་ལ་བབས་པ་ན། གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས་དང་པོ་དགའ་ལྡན་གནས་ནས་འཕོས་ཏེ། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པའི་ཚུལ་དུ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་པ་དང་། ཕྱིས་སུ་ཤཱཀྱའི་ཁྱེའུ་སྟོང་ཕྲག་དུ་མ་དང་ལྷན་དུ་བཟོ་དང་རིག་པའི་གནས་ལ་མཁས་པར་བསྟན་པ་དང་། ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་བཙུན་མོར་བླངས་ཏེ། རྒྱལ་སྲིད་བསྐྱངས་པའི་མཛད་པ་མཛད་དེ་དགུང་ལོ་ཉེར་དགུ་བར་བཞུགས་པ་དང་། མཐར་སངས་རྒྱས་ནས་སླར་ཡང་ཡབ་སྲས་མཇལ་བ་སོགས་ཀྱི་མཛད་པ་བསྟན་པའི་གནས་བྱིན་རླབས་ཅན་དེ་ཡིན། སྔོན་གནས་འདིར་སེར་སྐྱའི་གྲོང་དང་ཕོ་བྲང་སོགས་ཇི་ལྟར་ཆགས་ཚུལ་ནི། བསྐལ་བ་སྔོན་མ་ནས་མང་པོས་བཀུར་བའི་རྒྱལ་རྒྱུད་ལྔ་ཁྲི་ལྔ་སྟོང་ལྷག་བྱུང་བའི་ནང་ནས་བུ་རམ་ཤིང་པའི་རྒྱལ་བརྒྱུད་ཉིས་སྟོང་ལྔ་བརྒྱ་བྱུང་བ་ན་རྒྱལ་པོ་འཕགས་སྐྱེས་པོ་བྱུང་། དེའི་བཙུན་མོ་ཆེ་བ་ལ་སྲས་བཞི་དང་། ཆུང་བ་ལ་སྲས་མོ་བཞི་བྱུང་། ཕྱིས་སུ་བཙུན་མོ་གྲོངས་ནས། ཡབ་རྒྱལ་པོས་ཕ་ཪོལ་རྒྱལ་པོའི་བུ་མོ་ཞིག་བཙུན་མོར་བླངས། དེ་ལ་སྲས་དགའ་བོ་བྱུང་བ་དང་། བཙུན་མོ་དེའི་ཡབ་རྒྱལ་པོ་དང་བློན་པོ་རྣམས་གྲོས་བྱས་ནས། ཕུ་བོ་རྣམས་ལ་རྒྱལ་སྲིད་མི་དབང་ཞེས། རྒྱལ་སྲིད་དགའ་བོ་ལ་གཏད་པ་དང་། བློན་པོ་གཡོ་ཅན་རྣམས་ཀྱིས་ཕྲ་མ་བཅུག་ནས་ཕུ་བོ་དང་སྲས་སྲིང་མོ་རྣམས་གཞན་དུ་སྤྱུགས་པ་ན། ཕུ་བོ་ཆེ་བ་རྒྱལ་སྲས་རྐང་གདུབ་ཀྱིས་མིང་སྲིང་ཆུང་བ་རྣམས་ཁྲིད་དེ། ཆུ་བོ་སྐལ་ལྡན་ཤིང་རྟའམ། བྷ་ན་གངྒཱ་ཡི་ཉེ་འགྲམ་གྱི་ནགས་ཁྲོད་དུ་རྩྭ་ཡི་སྤྱིལ་བུའི་ནང་དུ་བཞུགས་པ་དང་། ཕྱིས་སུ་མིང་སྲིང་རྣམས་ལང་ཚོ་རྒྱས་སྐབས། དྲང་སྲོང་སེར་སྐྱས་མཐོང་ནས། ཁྱེད་རྣམས་རང་གི་ཡབ་ཀྱིས་རྒྱལ་སྲིད་སྤངས་པ་ཡིན་པས། སྲས་མིང་སྲིང་རྣམས་ཕན་ཚུན་བཟའ་མི་བྱེད་ཆོག་ཅེས་གསུངས་པས། དྲང་སྲོང་གི་གསུང་བདེན་པ་ཡིན་པས། ཡིད་ཆེས་བྱས་ཏེ་མིང་སྲིང་ཕན་ཚུན་བཟའ་མི་བྱས་པའི་བུ་དང་བུ་མོ་མང་པོ་བྱུང་བ་དང་། སྲས་ཆེ་བ་རྒྱལ་པོ་རྐང་གདུབ་ཀྱིས། དྲང་སྲོང་སེར་སྐྱ་ལ་ཤིང་ནགས་ཀྱི་ཚལ་ཆེན་པོ་འདིར་ཕོ་བྲང་ཞིག་འདེབས་ཆོག་པར་ཞུས་པས། དྲང་སྲོང་གི་ཕོ་བྲང་འདེབས་ཆོག་པའི་གནང་བ་ཐོབ་སྟེ་ཕོ་བྲང་བཞེངས་པ་དང་། རྒྱལ་བུ་རྐང་གདུབ་ཀྱི་མཚན་ལ་ཀ་པིལ་མུ་ནི་དང་ཕྱིས་སུ་གྲོང་ཁྱེར་གྱི་མིང་ལ་ཀ་པིལ་ཝསྟུ་ཤཱཀྱ་ཞེས་པའི་རྒྱལ་བརྒྱུད་ཀྱི་མཚན་ཐོག་མ་འདི་ནས་ཆགས་པ་དང༌། རྒྱལ་བུ་རྐང་གདུབ་ཅན་ནས་སྲས་སྒྲ་གཅན་འཛིན་བར་ཤཱཀྱའི་རྒྱལ་རྒྱུད་རྣམས་ཀྱི་རྒྱལ་ས་དང་ཕོ་བྲང་ཡང་གནས་དེར་ཡོད། གཞོན་ནུ་དོན་གྲུབ་ཁབ་ཏུ་ཞུགས་དུས་སུ་ཤཱཀྱའི་མི་ལྔ་འབུམ་ཡོད་པ་དང་། བློན་པོ་ལྔ་བརྒྱ་ཡོད་པར་གླེང་། ཕྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་འཕགས་སྐྱེས་དང་། བློན་པོ་གཉིས་ཀྱིས་གྲོང་ཁྱེར་སེར་སྐྱ་ལ་དམག་སྔ་ཕྱི་ལན་གསུམ་དྲངས་པའི་མཐར་ཤཱཀྱའི་རིགས་བདུན་སྟོང་བདུན་བརྒྱ་བསད། གྲོང་ཁྱེར་ཡོངས་རྫོངས་དམག་གིས་བཅོམ་པར་གྲགས་སོ།། །།

སེར་སྐྱའི་གྲོང་ཁྱེར་ནས་བྱང་ཕྱོགས་སུ་ཀི་ལོ་མི་ཊར་ ༥ ཡི་སར་སཱ་གར་ཧ་ཝཱ་ཞེས་པ་ས་ཁྱོན་རྒྱ་ཆེ་བ་ཞིག་ཡོད་པ་དེར་རྒྱལ་པོ་འཕགས་སྐྱེས་ཀྱི་དམག་གིས་ཕྱི་ལོ་སྔོན་ལོ་ ༥༧༠ ལོར་ཤཱཀྱའི་རིགས་བདུན་སྟོང་བདུན་བརྒྱ་བསད་པ་དང་། བུ་མོ་སྟོང་ཕྲག་གཅིག་ལག་པ་བཀྱིགས་ནས་ཁྲིད་དེ་མཐར་ལག་པ་བཅད་པའི་གནས་ཡིན་པ་དང་། ས་ཁུལ་དེར་རྫིང་བུ་ཆུང་ཆུང་ཞིག་ཡོད་པ་དེ་ལག་པའི་སྙིང་པོ་བྱས་པའི་རྫིང་བུ་ཞེས་གྲགས། མ་ཟད་ས་གནས་དེར་མཆོད་རྟེན་ཆག་སྐྱོན་ཅན་དང་། རྡོ་ལ་རི་མོ་འདྲ་མིན། གཙུག་ལག་ཁང་སོགས་སྔར་ཤཱཀྱའི་གྲོང་ཁྱེར་ཆགས་ཤུལ་གྱི་ཤུལ་རྒྱ་ཆེན་པོ་ཡོད། ས་གནས་དེ་ནི། འཇར་མན་གྱི་སྐུ་ཞབས་ཕིའུ་ར་རར་དང་། པཱལ་པ་རྫོང་དཔོན་ཁར་གསམ་ཤེར་རན་གཉིས་ཀྱིས་ཞིབ་དཔྱོད་བྱས་པ་ལས་ངོས་འཛིན་ཞུས་པ་ཞིག་དང་། ཕྱིས་སུ་སྐུ་ཞབས་མུ་ཁར་ལགས་ཀྱིས་ཞིབ་དཔྱོད་བྱས་པས། སྔོན་མ་ས་གནས་དེ་ནས་མཆོད་རྟེན་བཅུ་དྲུག་དང་། གསེར་ཟུར་གསུམ་ཅན་གཉིས། གསེར་ལས་བཟོས་པའི་སྦྲུལ་གྱི་གཟུགས་གཉིས། དངུལ་བུམ་དང་། རྫ་ཆས་ཀྱི་སྣོད་འདྲ་མིན་རྙེད་སོན་བྱུང་བ་དང་། དེང་སང་དེ་དག་གང་དུ་ཡོད་མེད་སུས་ཀྱང་རྟོགས་མེད་ཅེས་བྲིས་ཡོད་པ་གསལ།

སེར་སྐྱའི་གྲོང་ཁྱེར་ཏཽ་ལི་ཧ་བཱའི་ (Taulihawa) ལྷོ་ཕྱོགས་སུ། སྤྱི་ལེའམ་ཀི་ལོ་མི་ཊར་ ༤ ཙམ་གྱི་སར་སངས་རྒྱས་འཁོར་བ་འཇིག་བྱོན་སའི་གྲོང་ཁྱེར་གྷོ་ཏི་ཧ་བཱ་ (Gotihawa) ཞེས་པ་དེ་ཡོད་པ་དང་། མཆོད་རྟེན་ཡོད་ས་དེར་འཁོར་བ་འཇིག་ནས་ཡབ་རྒྱལ་པོ་མཇལ་འཕྲད་གནང་བའི་གནས་ཡིན་པ་དང་། དེར་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་རྡོ་རིང་སེངྒེའི་ཏོག་ཅན་ཅིག་ཡོད་པ་དེ་ཕྱི་ལོ་ ༡༨༩༨ ལོར་སྐུ་ཞབས་བྷ་ཊེལ་དང་། འཇར་མན་གྱི་སྐུ་ཞབས་ཕིའུ་ར་རར་དང་། རྒྱ་གར་གྱི་སྐུ་ཞབས་མུ་ཁར་སོགས་ཀྱིས། རྡོ་རིང་དེའི་རྩ་བ་ཕིཊ་ ༦༨ བར་བསྔོགས་ཀྱང་རྡོ་རིང་གི་རྩ་བ་མ་རྙེད་པར་རྡོ་རིང་དེའི་རིང་ཐུང་གི་ཚད་ད་བར་སུས་ཀྱང་ཤེས་རྟོགས་བྱུང་མེད་པ་དང་། རྡོ་རིང་དེའི་རྩ་བ་སྔོག་དུས་མིའི་རུས་པ་དང་། སོལ་བ་བཅས་ཐོན་ཡོད་པ་ལས། མཁས་པ་བྷ་ཊེལ་གྱིས་རུས་པ་དེ་དག་སངས་རྒྱས་འཁོར་བ་འཇིག་གི་སྐུ་རུས་ཡིན་ནམ་སྙམ་པ་དང་། དེ་ལྟར་ན་འཛམ་གླིང་ནང་གི་རྡོ་རིང་རྙིང་ཤོས་དེ་ཡིན་པར་ཁྱབ་བསྒྲགས་བྱས་པ་དང་། གནས་དེར་སངས་རྒྱས་འཁོར་བ་འཇིག་སྐུ་འཁྲུངས་ས་དང་། མྱ་ངན་ལས་འདས་ཚུལ་བསྟན་པའི་གནས་གང་རུང་ཡིན་ཟེར་གྱིན་ཡོད་པ་རེད།། །།

གྲོང་ཁྱེར་སེར་སྐྱའི་ཤར་ཕྱོགས་སུ་སིས་ཧ་ནི་ཡཱ་ (Sisahaniya) ཞེས་པ་ས་ཁྱོན་ཕི་ཊི་ ༧༠༠ ཡོད་པ་དང་། གྲོང་ཁྱེར་དེ་ནས་གནའ་རབས་ཀྱི་དངོས་རྫས་རིགས་མང་པོ་བརྙེད་སོན་བྱུང་བ་དང་། གནས་དེ་ནི་སངས་རྒྱས་གསེར་ཐུབ་སྐུ་འཁྲུངས་པའི་གནས་ཡིན་པ་ཕྱི་ནང་གི་ཞིབ་དཔྱོད་པ་མང་པོས་ངོས་འཛིན་བྱས་པ་རེད་ཟེར། གྲོང་ཁྱེར་སེར་སྐྱའི་ཏཽ་ལི་ཧ་བཱ་ནས་ཀི་ལོ་མི་ཊར་བརྒྱད་ཀྱི་སར་ནིག་ལི་ཧ་བཱ་ (Nigalihawa) ཞེས་པའི་རྡོ་རིང་ཞིག་ཡོད་པ་དེ་ནི། ཆོས་རྒྱལ་མྱ་ངན་མེད་ཀྱིས། སངས་རྒྱས་གསེར་ཐུབ་བམ། ཀ་ནཀ་མུ་ནིའི་ (Kanakamuni) བཀའ་དྲིན་རྗེས་དྲན་དུ་བཞེངས་པའི་རྡོ་རིང་ཡིན་པ་དང་། ཕྱི་ལོ་ ༡༨༩༥ ལོར་བརྙེད་སོན་བྱུང་བ་དང་། ཕྱིས་སུ་རྡོ་རིང་དེ་ཆག་སྐྱོན་ཤོར་ནས་དུམ་བུ་གཉིས་བྱུང་བ་དང་། སྟོད་ཀྱི་དུམ་བུ་དེ་ལ་རིང་ཚད་ཕི་ཊི་ ༡༥ དང་། དེའི་ངོས་ལ་ཨང་གྲངས་ ༡༢༣༤ འཁོད་ཡོད། ཨང་གྲངས་ ༡༢༣༤ ཡོད་པ་དེ་སྔར་རྡོ་རིང་དེ་བཞེངས་དུས་ནས་བྲིས་པ་རེད་ཟེར་བ་དང་། སྔོན་བྷར་མའི་ཡིག་གཟུགས་དང་། རྨ་བྱའི་རི་མོ་ཡོད་པ་དང་། མ་ཎི་བྲིས་ཡོད་པ་དེ་ནི་ཕྱིས་སུ་བརྐོས་པ་ཞིག་དང་། དེའི་ཉེ་འཁོར་དུ་གསེར་ཐུབ་ཀྱི་གྲོང་ཁྱེར་ནིག་ལི་ཧ་བཱའི་ཆགས་ཤུལ་དང་དེའི་ཕོ་བྲང་ཨ་ཀོ་ར་ཀོཊ་ཟེར་བའི་རྒྱལ་ཁང་གི་ཆགས་ཤུལ་སོགས་མང་པོ་ཡོད་འདུག

བལ་ཡུལ་ལྷོ་ཕྱོགས་སུ་གནས་པའི་ནིག་ལི་ཧ་བཱ་ (Nigalihawa) ནས་ཤར་ཕྱོགས་སུ་ཀི་ལོ་མི་ཊར་གསུམ་གྱི་སར་གསེར་ཐུབ་ཀྱི་ཕོ་བྲང་ཨ་རུ་ར་ཀོཊ་ (Araurakot) ཞེས་པ་དེའི་ཆགས་ཤུལ་ཡོད། ཕོ་བྲང་དེའི་ལྷོ་ཕྱོགས་སུ་སྔར་གྱི་ལྕགས་རི་མཐོ་ཚད་ཨིན་ཆི་བདུན་ལྷག་ཙམ་དང་། ཕོ་བྲང་དེའི་ནང་ཁྲོན་པའི་ཤུལ་ཡང་ཡོད་ཅིང་། སྔོན་ས་ཆ་དེ་ཤིང་ནགས་ཡིན་པ་ལས། ཉི་ཧོང་གི་སྐུ་ཞབས་པེ་རེ་ཇུ་ན་ཀ་པུར་གྱིས་ཞིབ་དཔྱོད་དང་གཙང་བཟོ་གནང་བ་ཞིག་དང་། ཉེ་འཁོར་ཇག་ཏིའི་གྲོང་གསེབ་ཀྱི་ཁ་ཆེ་རྣམས་ཀྱིས། དུས་བཟང་སྐབས་སུ་མཚན་མོར་ཕོ་བྲང་དེར་འོད་འཕྲོས་པ་དང་དངོས་རྫས་འདྲ་མིན་མཐོང་རྒྱུ་ཡོད་པ་ལས་དེ་དག་སུས་ཀྱང་ལེན་མི་ཐུབ་པར་རང་ཡལ་དུ་འགྲོ་བའི་ཡ་མཚན་ཅན་ཞིག་ཡོད་པར་བཤད་སྲོལ་ཡོད་པ་རེད།། །།

ལུམྦི་ནཱི་ (Lumbini) ཞེས་པ་ནི། ནང་པ་སངས་རྒྱས་པའི་གནས་ཆེན་བཞིའི་ཡ་གྱལ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་ཆེན་ཞིག་ཡིན། ཡུམ་སྒྱུ་འཕྲུལ་མ་ཆེན་མོའི་ཡབ་ལེགས་པ་རབ་སད་ལ་ལུམྦི་ནཱིའི་ཚལ་ཞེས་བྱ་བའི་སྐྱེད་མོས་ཚལ་ཞིག་ཡོད་པ་འདུལ་བ་གཞི་ལས་གསུངས་པ་བཞིན་ཡུམ་སྒྱུ་འཕྲུལ་མ་ཆེན་མོར་སྲས་སྐུ་བལྟམས་ལ་ཉེ་བ་ན། སྐྱེད་མོས་ཚལ་དུ་ཕེབས་བཞུགས་བྱ་དགོས་སྙམ་པ་ན། རྒྱལ་པོ་ཟས་གཙང་གིས་ལེགས་པ་རབ་སད་ལ་སྐྱེད་མོས་ཚལ་དེ་བྱི་དོར་བྱ་དགོས་པའི་ཡི་གེ་སྤྲིངས་པ་དང་། དེ་བཞིན་བྱི་དོར་བྱས་ཏེ་བཙུན་མོའི་འཁོར་ཚོགས་རྣམས་གནས་དེར་ཕེབས་པ་དང་། ཡུམ་སྒྱུ་འཕྲུལ་མས་ཤིང་སཱལ་གྱི་ཡལ་ག་ལ་ཕྱག་གིས་འཆང་བའི་ཚུལ་གྱིས་གཞོན་ནུ་དོན་གྲུབ་སྐུ་བལྟམས་སོ། ། སྐུ་བལྟམས་མ་ཐག་ཏུ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ཏེ། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །ཞེས་སོགས་གསུངས་པའི་གནས་ཆེན་ངོ་མཚར་ཅན་དེ་ཡིན་པ་མ་ཟད། གནས་དེར་སངས་རྒྱས་ཀྱི་ཡུམ་སྒྱུ་འཕྲུལ་མའི་ལྷ་ཁང་དང་། བྱང་ཆུབ་ལྗོན་ཤིང་། སྐུ་བརྙན་བྱིན་ཅན་ཅིག་དང་། རྒྱལ་པོ་མྱ་ངན་མེད་ཁྲི་ལ་འཁོད་ནས་ལོ་ཉེར་གཅིག་པར་གནས་དེར་ཕེབས་ཏེ་བསླངས་པའི་རྡོ་རིང་དང་། རྡོ་རིང་དེའི་ངོས་སུ་གནས་འདིར་སངས་རྒྱས་འཁྲུངས་སོ་ཞེས་ཡི་གེར་བཀོད་པ་གསལ་པོ་ཡོད། གཞན་ཡང་ཆུ་རྫིང་དང་། ཉེ་འདབས་སུ་གཙུག་ལག་ཁང་རྙིང་པའི་ཤུལ་མང་པོ་ཡོད་པ་པར་རིས་སུ་གསལ་བ་ལྟར་མཇལ་རྒྱུ་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཉི་ཧོང་གི་གནའ་རྫས་ཞིབ་དཔྱོད་ཚོགས་པས་ས་འོག་ནས་བརྙེད་སོན་བྱུང་བའི་སྟོན་པའི་ཕྱག་མཛུབ་གནམ་ལ་ཀེར་བའི་སྐུ་བརྙན་གཅིག་དང་། གཞོན་ནུ་དོན་གྲུབ་དང་བཙུན་མོ་གྲགས་འཛིན་མ་ལྷན་དུ་བཞུགས་པའི་རྫ་སྐུ་གཅིག། རྡོ་རིང་ཆེན་པོ་ཞིག་བཅས་བརྙེད་པ་མཇལ་རྒྱུ་ཡོད་པ་རེད། ལུམྦི་ནཱིར་གནའ་དུས་ཀྱི་དགོན་ཤུལ་ཧ་ཅང་མང་པོ་ཡོད་པ་མ་ཟད་མཆོད་རྟེན་སོགས་ཀྱི་ཞིག་ཤུལ་ཡང་ཧ་ཅང་མང་པོ་ཡོད། ལུམྦི་ནཱི་ཞེས་པའི་གནས་དེ་ནི། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སོ་ནཽ་ལཱི་ (Sonauli) ནས་སྤྱི་ལེའམ་ཀི་ལོ་མི་ཊར་ ༢༧ གྱི་སར་གནས་ཡོད།། །།

མཆོད་རྟེན་རྣམ་དག་དྲུང་ནི། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁོར་བར་ངེས་འབྱུང་སྐྱེས་ཏེ། མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང༌སའི་གནས་ཁྱད་པར་ཅན་དེ་ཆགས་ཡོད། གནས་དེ་ནི་བི་ཧཱར་མངའ་སྡེའི་ཁོངས་གཏོགས་ཀྱི་གྲོང་ཁྱེར་པཊ་ནཱ་ (Patna) ནས་སྤྱི་ལེ་ ༡༡༦ དང་ཡངས་པ་ཅན་ནས་སྤྱི་ལེ་ ༥༩ སར་གནས་ཡོད། ཡུལ་སྐད་དུ་མཆོད་རྟེན་རྣམ་དག་དྲུང་ལ་ཀེ་ས་རི་ཡཱ་ (Kesariya) ཟེར་གྱི་ཡོད་པ་དང་དེའི་དོན་ནི་དབུ་སྐྲ་བསལ་བ་ལྟ་བུར་གོ ཕྱིས་སུ་ལམ་ཡིག་རྙིང་པ་ཞིག་ལག་སོན་བྱུང་བའི་ནང་བཀོད་པ་ལྟར་ན། དེ་ནས་རྒྱང་གྲགས་གཉིས་ན་གེ་ཤ་ལ། །རྒྱལ་སྲས་རབ་ཏུ་བྱུང་བའི་གནས་དེ་ན། །མཆོད་རྟེན་སྒོ་མང་དབྱིབས་ཅན་བང་རིམ་གསུམ། །ཀུན་ཀྱང་ཆུ་ཞེང་མཉམ་སྟེ་འདོམ་དྲུག་འཁོར། །ལོགས་གསུམ་ཐུབ་པའི་རྡོ་སྐུ་འཛུགས་རེ་བ། །ནུབ་ཀྱི་བུ་གར་མི་གཅིག་ཤོང་བའི་ནང་། །རྡོ་ལེབ་ངོས་ལ་གནས་བརྒྱད་འབུར་དུ་གཏོད། །དབུས་ཀྱི་ཐུབ་དབང་མཐོ་རྒྱང་གང་ཙམ་ཉིད། །བུམ་པ་བུམ་དཀྲིས་གཉིས་ལ་འདོམས་བཞིས་འཁོར། །བྲེ་ལ་ལོགས་ཆུང་གསུམ་གསུམ་བཅུ་གཉིས་ལོགས། །འཁོར་ལོ་བཅུ་གསུམ་ཏོག་དང་བཅས་པ་ཡི། །ཉེ་འཁོར་མཆོད་རྟེན་སུམ་ཅུ་ལྷག་གིས་འཁོར། །ཤར་ཕྱོགས་གྷན་དྷོ་ལི་གསུམ་སྤྱན་རས་གཟིགས། །འཁྱམས་གཉིས་མགྲོན་པོའི་ཞག་མལ་གནས་སུ་གདའ། །ཞེས་སྔོན་གྱི་ལོ་རྒྱུས་བྲིས་པ་དེ་དང་དེང་སང་མཆོད་རྟེན་ཞིག་རལ་གྱི་རྣམ་པ་གཉིས་འདྲ་བས། མཆོད་རྟེན་རྣམ་དག་དྲུང་ནི་གོང་གི་ཀེ་ས་རི་ཡ་ཞེས་པ་དེ་ཡིན་པ་གོར་མ་ཆག་ཅིང་། མཆོད་རྟེན་རྣམ་དག་གྲོང་ནས་སྤྱི་ལེ་ ༧༡ གི་སར་བྷེ་ཊྷི་ཞེས་པ། སྔོན་ལུས་འཕགས་ཀྱི་ཡུལ་ཡིན། སྟོན་པ་མཆོག་གནས་དེར་ཕེབས་བཞུགས་མཛད་པ་དང་རྒྱལ་པོ་མ་སྐྱེས་དགྲའི་ཨ་མ་ཡང་དེ་ནས་ཡིན་པར་ཤོད་སྲོལ་ཡོད།། །།

བི་ཧཱར་མངའ་སྡེའི་ཁོངས་གཏོགས་ལཽ་རི་ཡཱ་ ནི་དན་གར་(Lauria Nandangarh) ཞེས་པ་ལ། མཆོད་རྟེན་ཆེན་པོ་ཞིག་དང་། མཆོད་རྟེན་དང་ཐག་ཉེ་རུ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་སེངྒེའི་ཏོག་ཅན་ངོས་སུ་ཡི་གེ་ཡོད་པ་ཞིག་ཡོད། གནས་དེ་གང་ཡིན་གསལ་པོ་ངོས་འཛིན་ཐུབ་མེད། འགའ་ཤས་ཀྱིས་མཆོད་རྟེན་རྣམ་དག་གྲོང་ཡིན་ནམ་བརྗོད་མཁན་ཡོད་ཀྱང་། སྟོན་པ་རབ་ཏུ་བྱུང་བའི་གནས་མཆོད་རྟེན་རྣམ་དག་གྲོང་ནི། གོང་དུ་བཤད་ཟིན་པའི་ཀེ་ས་རི་ཡཱ་ (Kesariya) ཞེས་པ་དེ་ཡིན་པར་རྒྱུ་མཚན་ཡོད་པ་དང་། དེང་སྐབས་དེ་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གྲོང་ཁྱེར་པཊ་ནཱ་ (Patna) ནས་སྤྱི་ལེ་འམ་ཀི་ལོ་མི་ཊར་ ༢༢༣ དང་། མཆོད་རྟེན་རྣམ་དག་གྲོང་ངམ་ཀེ་ས་རི་ཡཱ་ (Kesariya ) ནས་ཀི་ལོ་མི་ཊར་ ༩༧ གྱི་སར་ཡོད་པ་རེད།། །།

ལོ་དྲུག་དཀའ་བ་སྤྱད་པའི་གནས་ནི། རྡོ་རྗེ་གདན་གྱི་ཤར་ཕྱོགས་ལམ་ཟུར་གྱི་བྱེ་ཐང་དང་ཆུ་བོ་ནཻ་རཉྫ་ནཱ་བརྒལ་ནས་ཅུང་ཟད་ཕྱིན་པའི་སར་ཡོད་ཅིང་། གནའ་དུས་སུ་གནས་དེར་རྡོ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་བརྙན་རྩ་རྒྱུས་དང་སྒལ་ཚིགས་ལ་སོགས་པ་ཐམས་ཅད་གསལ་ཞིང་རིད་པར་ཞལ་ནུབ་ཏུ་གཟིགས་པ་ཞིག་དང་། བ་ལང་རྫིས་སྙན་ཁུང་དུ་ཤིང་བུ་བཅུག་པའི་སྐུ་བརྙན་དང་། རྒྱལ་པོ་ཟས་གཙང་མས་འཁོར་ལྔ་བརྒྱ་བཏང་བའི་རྟ་བཏགས་སའི་གནས་ལ་མཆོད་རྟེན་གཅིག་དང་། དཀའ་ཐུབ་ལས་བཞེངས་ཏེ། རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ་རྒྱང་གྲགས་ཕྱེད་ཙམ་ན་དུར་ཁྲོད་ཅིག་ཡོད་པར་བྱོན་ཏེ། རོ་ལས་རས་གཅུས་ནས་མདོག་བསྒྱུར་བའི་གནས་ན་མཆོད་རྟེན་གཅིག་དང་། དེའི་ཤར་ཕྱོགས་རྒྱང་གྲགས་ཕྱེད་ཙམ་ན་ཆོས་གོས་བཀྲུས་པའི་གནས་ན་མཆོད་རྟེན་ཆེ་བ་གཅིག། དེ་ནས་བྱོན་ཏེ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ལོགས་ན་སྐུ་ཁྲུས་མཛད་ཅིང་དབུ་སྐྲ་བཞར་བའི་གནས་རྡོའི་ཐེམ་སྐས་དང་མཆོད་རྟེན་བཅས་ཡོད་པ་དང་། མེ་ཏོག་རྙིང་པ་ཐམས་ཅད་དེར་འདོར་བར་གསུངས་ཤིང་། ད་ལྟ་མཆོད་རྟེན་དང་དགོན་པའི་ཤུལ་མང་པོ་ཡོད། དེ་དག་རེ་རེ་བཞིན་ངོས་འཛིན་དཀའ་ན་ཡང་ཐོག་མའི་ལོ་རྒྱུས་ནི། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ནས་རིགས་བྱེད་ཀྱི་བུ་ལྷ་སྤྱོད་སོགས་དྲང་སྲོང་རྣམས་ཀྱི་ཁྲོད་དུ་བྱོན་ཏེ། དེ་དག་གི་དཀའ་ཐུབ་གང་དང་གང་སྤྱད་པ་དེ་དང་དེ་དག་ལས་ཉིས་འགྱུར་དུ་མཛད་པས་ན། དྲང་སྲོང་རྣམས་ངོ་མཚར་སྐྱེས་ཏེ། འདི་ནི་དགེ་སྦྱོང་ཆེན་པོ་ཞིག་འདུག་གོ་ཞེས་པས་དགེ་སྦྱོང་ཆེན་པོ་ཞེས་པའི་མཚན་སྙན་བྱུང་བ་དང་། དེ་ནས་ཡབ་རྒྱལ་པོ་ཟས་གཙང་གིས་རང་གི་སྲས་འཁོར་གཡོག་མེད་པར་འཁྱམས་སོང་བ་ལ། གཡོག་སུམ་བརྒྱ་དང༌། སྐྱེ་དགུའི་བདག་མོ་གཡོག་ཉིས་བརྒྱ་བཅས་འཁོར་གཡོག་ལྔ་བརྒྱ་ཞབས་འབྲིང་དུ་བཏང་བ་ན། གཞོན་ནུས་དབེན་པར་འཁོར་མང་པོ་འདི་འདྲ་བསྟེན་པ་མི་ལེགས་སོ་སྙམ་སྟེ། བྱིངས་རྣམས་ཕྱིར་སློག་པ་དང་། འཁོར་ལྔ་སྡེ་ཕྱིར་མ་ལོག་པར་བྱང་ཆུབ་སེམས་དཔའ་དང་མཉམ་དུ་དཀའ་ཐུབ་ལ་བཞུགས། བྱང་ཆུབ་སེམས་དཔའ་ནི་ཆུ་བོ་ནཻ་རཉྫ་ནཱའི་འགྲམ་གྱི་ནགས་ཚལ་གྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ནས་དཀའ་ཐུབ་ལ་བཞུགས་ཤིང་། ཐོག་མར་ལོ་གཉིས་ཙམ་གྱི་རིང་ཉིན་རེར་འབྲས་འབྲུ་བདུན་རེ་གསོལ། དེ་ནས་ལོ་གཉིས་ཀྱི་རིང་ཉི་མ་རེར་འབྲས་བུ་གཅིག་རེ་གསོལ། དེ་ནས་ལོ་གཉིས་ཀྱི་རིང་ལ་ཅི་ཡང་མ་གསོལ་བར་ལོ་དྲུག་གི་རིང་དཀའ་ཐུབ་སྤྱད་དེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སའི་གནས་དེ་ཡིན་ནོ།། །།