
༄༅། །ལྷོ་བྲག་མཁར་ཆུ་བདུད་འཇོམས་གླིང་ནི། གྲུབ་ཆེན་མེ་ལོང་རྡོ་རྗེ་དང་ཀུ་མ་ར་རཱ་ཛཱ་བླ་སློབ་གཉིས་ཀྱི་བཞུགས་གནས་སུ་ཀུན་མཁྱེན་པདྨ་དཀར་པོ་མཆོག་གིས་སྒྲུབ་ཕུག་ཉམས་གསོ་དང་དགོན་ས་ཕྱག་བཏབ་གནང་། ཕྱི་ལོ་ ༡༦༧༩ ལོར་༸གོང་ས་ལྔ་པ་ཆེན་པོས་དགོན་སྡེའི་བཅའ་ཡིག་བཀའ་རྩོམ་གནང་བའི་དགོངས་དོན་བཞིན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་རིག་འཛིན་བྱང་པ་ཡབ་སྲས་ཀྱི་ཕྱག་བཞེས་ཐོག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཕྱག་སྲོལ་གྱིས་ཟུར་བརྒྱན་ཏེ་དར་ཞིང་རྒྱས་པར་བྱུང་བ་ནས་ལྷོ་བྲག་མཁར་ཆུ་བདུད་འཇོམས་གླིང་ཞེས་མཚན་ཐོགས། བོད་དུ་དུས་འགྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། གནུབས་བན་ནམ་མཁའི་སྙིང་པོའི་སྐྱེ་ཕྲེང་བདུན་པ་བསྟན་འཛིན་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༡༩༨༢ ལོར་འབྲུག་བུམ་ཐང་ལྕམ་མཁར་དུ་དགོན་པ་གསར་བཞེངས་དང་། ཕྱི་ལོ་ ༡༩༩༤ ལོར་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་ཏེ་ད་ཆ་དགེ་འདུན་ཞལ་གྲངས་ ༥༣༧ ཙམ་བཞུགས་པ་རྣམས་ཀྱིས་ལོ་རིམ་དང་པོ་ནས་དགུ་པའི་བར་གཞུང་ཆེན་བཅུ་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སློབ་གཉེར་དང་། བསླབ་པ་མཐར་སོན་ལ་མདོ་རྒྱུད་ངེས་དོན་བསྟན་པའི་ཉིན་བྱེད་ཅེས་པའི་ཕྱག་འཁྱེར་འབུལ་སྲོལ་ཚུགས། སྒྲུབ་གྲྭ་པ་རྣམས་ཀྱིས་རིག་འཛིན་རྒོད་ལྡེམ་ཅན་གྱི་ལྷ་བྲག་མཛོད་ལྔ་ནས་བྱོན་པའི་བྱང་པ་ཡབ་སྲས་ཀྱི་ཆོས་བརྒྱུད་གཙོ་བོར་བཟུང་སྟེ་སྔོན་འགྲོ་གཟེར་ལྔ་ནས་བཟུང་སྒྲུབ་པ་ཉམས་བཞེས་གནང་བཞིན་པའོ།། །།
Lhodrak Kharchu Duejomling, P.O. Chamkhar
Bumthang, NA

༄༅། །སྟག་ཤམ་ཡི་དམ་དགོངས་འདུས་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི། གསང་ཆེན་སྔ་འགྱུར་རྙིང་མའི་དགོན་པ་རྡོ་དུང་དགོན་ཞེས་སྟག་ཤམ་སྐུ་ཕྲེང་དང་པོ་གཏེར་ཆེན་ནུས་ལྡན་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༡༦༧༥ ལོར་སྤོ་བོའི་ཡུལ་དུ་ཕྱག་བཏབ། རྡོ་ལ་དུང་དཀར་རང་བྱུང་དུ་ཡོད་པས་རྡོ་དུང་དགོན་ཞེས་མཚན་ཆགས་ཤིང་། སྟག་ཤམ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན། རབ་བྱུང་དང་སྔགས་པ་གཉིས་ཀས་ཉམས་ལེན་བྱེད་སའི་བསྟི་གནས་ཤིག་ཆགས་ཡོད། ༸གོང་ས་༸རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱི་བཀའ་ཤོག་དང་ཕྱག་ཐམ་གནང་བའི་དགོན་ཐོབ་ཀྱང་ཡོད། རྒྱ་གར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་འོག་སྟག་ཤམ་སྐུ་ཕྲེང་བདུན་པ་ཀརྨ་ཡོངས་འདུས་ཆོས་ཀྱི་ཉི་མ་མཆོག་གིས་སྟག་ཤམ་གདན་ས་གཉིས་པ་འདི་ཕྱི་ལོ་ ༡༩༧༨ ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཁོངས་སུ་ཕྱག་བཏབ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་བླ་ཆེན་མང་པོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དགོན་པ་ཞིག་ཡིན། གྲྭ་རྒྱུན་ ༣༦ ཡོད་པ་རྣམས་རང་ལུགས་སྟག་ཤམ་གྱི་ཕྱག་བཞེས་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་བསླབ་པ་སློབ་གཉེར་ཞུ་བཞིན་ཡོད།། །།
Tagsham Ogyen Samten Choeling, Chamrajnagar, P.O. Tibetan Settlement Kollegal Taluk
Karnataka,

༄༅། །སྔ་འགྱུར་རྡོར་བྲག་གསང་སྔགས་ཆོས་འཁོར་གླིང་ནི། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་ཁྲི་དཔོན་ཟིལ་གནོན་དབང་རྒྱལ་རྡོ་རྗེའམ། ཞབས་དྲུང་མཐུ་སྟོབས་གྲགས་པས་ཡུམ་གྱི་དགོངས་རྫོགས་སུ། རྡོ་བྲག་རིག་འཛིན་པད་འཕྲིན་མཆོད་གནས་སུ་བཀུར་ཏེ་གསང་སྔགས་ཆོས་འཁོར་གླིང་ཕྱག་འདེབས་མཛད་ཅིང་། ལོ་ངོ་སུམ་བརྒྱ་བཅུ་གསུམ་གྱི་ལོ་རྒྱུས་ཡོད་པར་གྲགས། རིག་གནས་གསར་བརྗེའི་སྐབས་གཏོར་བཅོམ་ཚད་མེད་ཕོག་སྟེ་ད་ཆ་ཤུལ་མ་སྟོངས་ཙམ་ལས་མེད། རྒྱ་གར་དུ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་བསྟན་པ་སྤྱི་དང་། བྱེ་བྲག་སྔ་འགྱུར་ལྷ་བྲག་གི་བསྟན་པ་ཉག་ཕྲ་བར་དགོངས་ནས་ཕྱི་ལོ་ ༡༩༧༣ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་སུ་དགོན་པ་གསར་བཞེངས་གནང་སྟེ། གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་དང་། ཐུབ་དབང་སྐུ། སྤྱན་རས་གཟིགས་སོགས་མང་དུ་བཞུགས་པ་མ་ཟད། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་རིན་ཆེན་གཏེར་མཛོད། རྙིང་མ་རྒྱུད་འབུམ། ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་སོགས་དང་། ཐུགས་རྟེན་ཟངས་རག་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས། ཕྱི་ལོ་ ༡༩༨༧ ནས་སྤྱི་ནོར་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཐེངས་གསུམ་རིང་ཆིབས་བསྒྱུར་གྱིས་རབ་གནས་བྱིན་འབེབས་དང་ལམ་སྟོན་བཀའ་སློབ་ཟབ་མོས་རྗེས་སུ་བཟུང་། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་པ་ཞལ་གྲངས་ ༣༤ ཙམ་བཞུགས། གྲྭ་གཞོན་ཚོར་རང་ལུགས་ཀྱི་ཞལ་འདོན་རིགས་དང་སྔ་འགྱུར་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་གྱིས་གཙོས་ཆོ་གའི་གདངས་དབྱངས་དང་། དཀྱིལ་འཁོར་བྲིས་ཐིག་དུང་རྒྱ་བཅས་དང་། བསླབ་པ་རྒན་པ་རྣམས་ཀྱིས་བྱང་གཏེར་སྔོན་འགྲོའི་ཆོས་སྐོར་རྣམས་ཚང་བར་བྱས་ཏེ་མཚམས་བསྙེན་སྒྲུབ་ལ་འབད་བཞིན་པ་བཅས་སོ།། །།
San-Ngak Choekhorling, Lama Camp No. 1 P.O. Tibetan Colony Mundgod, Karwar
Karnataka, 581411

༄༅། །པདྨ་གསང་སྔགས་ཆོས་འཁོར་གླིང་ནི། བོད་ལྗོངས་སྐྱིད་གྲོང་རྫོང་ཁོངས་རུས་སྙིང་གླང་ཐང་ཞེས་པར་བཀའ་བརྒྱུད་པའི་བླ་མ་ཞང་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་གནང་བའི་ལྷ་སྒང་དགོན་དང་། རྣ་རྒ་དགོན། ལྷ་བདུན་དགོན་བཅས་ཆོས་གཞིས་རྒྱ་ཆེན་པོ་བྱུང་། ཐོག་མར་རབ་བྱུང་གི་སྡེ་དར་ཡང་རྗེས་སུ་སྔ་འགྱུར་རྙིང་མའི་ཕྱོགས་སྔགས་པ་ཁོ་ནའི་ཆོས་གཞིས་སུ་གྱུར་ཏེ། བོད་ས་མ་ཤོར་བར་དུ་གནས། རྒྱ་གར་དུ་སྔ་འགྱུར་རྙིང་མ་པའི་དགོན་ཆེན་དྲུག་གི་ཡ་གྱལ་རྒྱལ་བ་དཔལ་ཡུལ་པའི་གདན་རབས་བཅུ་གཅིག་པ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་མཐུན་རྐྱེན་གནང་སྟེ། ཕྱི་ལོ་ ༢༠༠༠ ལོར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཁོངས་གྲོང་སྡེ་གཉིས་པའི་ནང་དགོན་པའི་རྨང་བཏིང་། ཕྱི་ལོ་ ༢༠༠༧ ལོར་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། དེང་སྐབས་སྔགས་པ་ཞལ་གྲངས་ ༡༨ ཙམ་གྱིས་རྟོགས་པའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་སྐྱོང་གནང་བཞིན་ཡོད།། །།
Pama Sang Ngag Choekhorling, Dickyi Larsoe, P.O, Bylakuppe, Mysore
Karnataka, 571104

༄༅། །ཐེག་མཆོག་འོད་གསལ་དཔལ་ཡུལ་ཆོས་གླིང་ནི། སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ནང་ཚན་ཤར་རྒྱལ་བ་དཔལ་ཡུལ་ཞེས་རིག་འཛིན་ཀུན་བཟང་ཤེས་རབ་ནས་ད་ལྟ་བར་དཔལ་ཡུལ་གདན་རབས་བཅུ་གཅིག་བར་བྱོན་པ་དང་། བོད་དུ་དུས་འགྱུར་བྱུང་བའི་རྗེས་རྒྱལ་བ་དཔལ་ཡུལ་བའི་མ་དགོན་གྱི་སྤྲུལ་སྐུ་རྫོང་ནང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༦ ལོར་བལ་ཡུལ་དུ་དགོན་པའི་རྟེན་དང་བརྟེན་པ་གསར་བཞེངས་གནང་། ཕྱིས་གྲུབ་དབང་པད་ནོར་ཪིན་པོ་ཆེ་མཆོག་གིས་འཛིན་སྐྱོང་གི་ཐུགས་འགན་བཞེས། དེང་སྐབས་རྫོང་ནང་རིན་པོ་ཆེའི་ཡང་སྲིད་མཆོག་གིས་ཐུགས་འགན་བཞེས་ཐོག བོད་དང་། རྒྱ་གར། འབྲུག བལ་ཡུལ་བཅས་ནས་དགེ་འདུན་པ་ཞལ་གྲངས་ ༧༥ ཙམ་བཞུགས་པའོ།། །།
Palyul Choeling Monastery, P.O. Box No. 3630, Ward # 6 Ramhiti, Boudhanath
Kathmandu,

༄༅། །བཙུན་དགོན་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་ནི། ཞྭ་ལམ་རབ་འབྱམས་པ་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༡༦༩༨ ལོར་ཁམས་སྡེ་དགེའི་ནང་དུ་ཕྱག་བཏབ། གད་ཡག་བླ་མ་པདྨ་རྒྱལ་མཚན་སོགས་སློབ་ཆེན་བརྒྱད་དང་དོན་གཉིས་སྒྲུབ་ནུས་པའི་བརྒྱུད་འཛིན་ཉེར་ལྔ་སོགས་ལ་བསྟན་པ་གཏད། རབ་འབྱམས་པ་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོས་གདན་ས་དེ་དང་ཉེ་བར་གནས་སྤོས་ཀྱིས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་མཚན་ཐོགས་ཤིང་། ཐོག་མའི་གདན་ས་དེ་རིམ་བཞིན་བཙུན་དགོན་དུ་གྱུར་པ་ཞིག་ཡིན། བོད་དུ་དུས་འགྱུར་བྱུང་བའི་རྗེས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་དང་པོ་སྩལ་སྐབས་དད་ལྡན་འབྲུག་གི་ཁྲིམས་དཔོན་ཟུར་པ་དགའ་འཛོམས་ཞེས་པས་ས་ཆ་ཞིག་ཕུལ་བར་བརྟེན་ཕྱི་ལོ་ ༡༩༧༡ ལོར་འབྲུག་ཐིམ་ཕུའི་རྫོང་ཁོངས་སུ་བཙུན་དགོན་འདི་གསར་བཞེངས་མཛད། དེང་སྐབས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་དང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་རྣམ་གཉིས་ཀྱིས་གཟིགས་སྐྱོང་འོག་བོད་དང་འབྲུག་པའི་བཙུན་མ་ཞལ་གྲངས་ ༨༠ ཙམ་གྱིས་བཤད་སྒྲུབ་བསྟན་པ་ཉམས་མེད་རྒྱུན་འཛིན་གནང་བཞིན་ཡོད།། །།
Shechen Orgyen Choezong Nunnery, P/o Khasadrabchu
Thimphu, 11001

༄༅། །ཕུན་ཚོགས་རྔ་ཡབ་ཆོས་འཁོར་གླིང་ནི། བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་རྡོ་རྗེ་གླིང་དུ་ཉམས་གསོ་དང་རྟེན་གསུམ་གསར་བཞེངས་གནང་སྟེ། ནང་རྟེན་གཙོ་བོ་གསེར་ཟངས་ལས་གྲུབ་པའི་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གྱིས་གཙོས་པའི་སྐུ་གསུང་ཐུགས་རྟེན་སོགས་རྩ་འགངས་ཆེ་བ་དུ་མ་བཞུགས། དགེ་འདུན་པ་རྣམས་ཀྱིས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནང་གི་ཡོད། སྒྲུབ་སྡེ་ནས་སྒྲུབ་པ་རིམ་ཐོན་སྒྲུབ་བླ་ལོ་གསུམ་གནང་གྲུབ་བསྟུན་གྲྭ་ཚང་དུ་བཞུགས་རྒྱུའི་ལམ་སྲོལ་ཡོད་པ་ལྟར་དེང་སྐབས་སྒྲུབ་ཐེངས་གསུམ་པ་བར་ཐོན་ཡོད་པ་དང་། དེ་དག་གིས་གཙོ་བོ་ཀཿཐོག་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་ཐོག་ནས་ལོ་ལྟར་ཆོ་འཕྲུལ་དུས་ཆེན་ལ་རིག་འཛིན་འདུས་པའི་ཚོགས་འབུམ་རྒྱས་པ་དང་། བཀའ་འགྱུར་ལྗགས་ཀློག སྒྲོལ་མ་འབུམ་ཐེར་བཅས་བསྟན་སྲིད་ཀྱི་ཞབས་རིམ་སྨིན་སྒྲུབ་ཞུ་བཞིན་ཡོད། དགོན་འདིའི་དབུ་འཛིན་སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས་གཙོས་པའི་དགེ་འདུན་པ་ཞལ་གྲངས་ ༣༥ ཙམ་བཞུགས་པའོ།། །།
Phuntsok Ngayab Choekhorling, Senchal Road, Jorebunglow P.O. Ghoom, Darjeeling
West Bengal, 734102

༄༅། །སྔ་འགྱུར་སྒྲུབ་བརྒྱུད་ཆོས་འཕེལ་གླིང་དགོན་ནི། བོད་དུ་བྱང་གི་གནམ་མཚོ་ཕྱུག་མོའི་ཕྱོགས་མཚམས་བཞི་ན་དགོན་པ་བཞི་ཡོད་པ་ལས། ལྷོ་ཕྱོགས་ཀྱི་གུར་ཆུང་རྙིང་མ་དགོན་འདི་ཉིད་ཡིན་ཞིང་། བོད་དུ་དུས་འགྱུར་བྱུང་སྐབས་གཏོར་བཤིག་ཚབས་ཆེན་ཐེབས། གུར་ཆུང་བླ་མ་སྐུ་ཕྲེང་བདུན་པ་བློ་གྲོས་དཔལ་འབྱོར་བཟང་པོ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཚོགས་ཁང་གསར་བཞེངས་ཀྱིས་ཞིང་སྒྲུབ་ལྷ་ཁང་དང་། ཚེས་བཅུ་ལྷ་ཁང་རིམ་པས་གསར་བཞེངས་གནང་། བོད་དང་བལ་ཡུལ་ས་མཚམས་སོགས་ནས་ཡིན་པའི་དགེ་འདུན་པ་རྣམས་ཀྱིས་རིག་འཛིན་འཛའ་ཚོན་སྙིང་པོའི་ཆོ་ག་དཀོན་མཆོག་སྤྱི་འདུས་དང་། ཞི་ཁྲོ་ངེས་དོན་སྙིང་པོ། ཞི་ཁྲོ་ཀར་གླིང་ཚོགས་ལེ་རིན་ཆེན་ཕྲེང་བ་སོགས་སྔ་འགྱུར་རྙིང་མའི་འདོན་ཆོ་ག་ཕལ་མོ་ཆེར་ཉམས་ལེན་དང་སློབ་སྦྱོང་ལ་བརྩོན་བཞིན་ཡོད། ད་ཆ་གྲྭ་རྒྱུན་ ༣༡ ཡོད་ཐོག གྲྭ་བཙུན་སྔགས་གསུམ་འཛོམས་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན།། །།
Ngagyur Drupgyu Choepheling, P.O. Pratapgarh, Bhandara
Maharashtra, 441702

༄༅། །དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་ནི། དུས་རབས་ ༡༩ ནང་སྐུ་ཕྲེང་དྲུག་པ་རིག་འཛིན་པདྨ་ཆོས་འཕེལ་མཆོག་གིས་བོད་ཡུལ་དབུས་གཙང་གཏིང་སྐྱེས་སུ་ཕྱག་བཏབ། རྒྱ་གར་དུ་སྐུ་གོང་མའི་ཞལ་སློབ་མཐའ་བྲལ་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༡༩༨༠ ལོར་འབྲས་ལྗོངས་སྒང་ཏོག་དུ་གསར་བཞེངས་གནང་། ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བཀོད་དེ་ས་གཞི་བྱིན་རླབས་དང་ཐུགས་སྨོན་མཚམས་སྦྱོར་གནང་། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་གིས་ཨོ་རྒྱན་མདོ་སྔགས་ཆོས་གླིང་ཞེས་པའི་མཚན་གསོལ། ཕྱི་ལོ་ ༡༩༩༥ ལོར་དགོན་བྱང་བཤད་གྲྭ་གསར་འཛུགས་གནང་། སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསླུ་མེད་ལུང་གིས་ཟིན་པ་ལྟར། བྱང་དགོན་མཆོག་སྤྲུལ་ཨོ་རྒྱན་འཇིགས་མེད་འཕྲིན་ལས་ཀུན་ཁྱབ་མཆོག་དབུ་བཞུགས་ཐོག་ད་ལྟའི་ཆར་སྒྲུབ་ཁང་དང་བཤད་གྲྭའི་བཞུགས་ཤག ཚོགས་ཁང་བཅས་བསྐྱར་བཞེངས་ཀྱིས་བོད་དང་། འབྲས་ལྗོངས། མོན། འབྲུག བལ་ཡུལ་བཅས་ནས་དགེ་འདུན་པ་ཞལ་གྲངས་ ༡༡༠ ཙམ་གྱིས་བྱང་པ་ཡབ་སྲས་ནས་བརྒྱུད་པའི་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་དང་། བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གཞུང་ལུགས་ཁག་བཅས་ལ་འཆད་ཉན་གནང་བཞིན་ཡོད།། །།
Gonjang Ogyen Dongak Choekhorling , Bhojogari, Gangtok
Sikkim, 737101