
༄༅། །སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནི། ཐོག་མར་བོད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཀུན་མཁྱེན་བྱང་ཆུབ་འབུམ་པ་དཔལ་བཟང་པོ་མཆོག་གིས་རབ་བྱུང་བདུན་པའི་ལྕགས་གླང་ཕྱི་ལོ་ ༡༤༢༡ ལོར་ཕྱག་བཏབ། བོད་དུ་ཐོག་མར་གྲྭ་ཚང་འདི་ཉིད་ཕྱག་བཏབ་པ་ནས། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་དགེ་སྦྱོར་ལ་བརྩོན་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཆུ་བོའི་རྒྱུན་བཞིན་བྱོན་ཏེ། ྋརྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དམ་པར་གནས་ཤིང༌། རིམ་གྱིས་གྲྭ་ཚོགས་འཕེལ་བས་ཁང་ཚན་བཅུ་དྲུག་ཏུ་དབྱེ་བ་ཕྱེ་ཡོད། ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་བ་ནས་གྲྭ་ཚང་འདིའི་དགེ་འདུན་མི་ཉུང་བ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་ཞིང༌། ཐོག་མར་སྦག་ས་ཆོས་སྒར་དུ་ས་བབ་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་ཆེན་པོའི་འོག་སྔར་སྲོལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་འཕྲོ་རྒྱུན་མཐུད་དེ་ལོ་ཤས་གནས། དེ་ནས་མཐར་ཕྱི་ལོ་༡༩༦༣ ཟླ་ ༡༢ ཚེས་ ༡༣ ཙམ་ལ་མེ་སོར་སྦེལ་ཀོབ་གཞིས་ཆགས་སུ་གནས་སྤོས་རྗེས་བོད་ནས་ཕེབས་པའི་དགེ་འདུན་བགྲེས་པ་རྣམས་ཀྱིས་དགོན་པ་ཆགས་ཡུལ་གྱི་ཤིང་ནགས་གཅོད་འབྲེག་དང་། གྲྭ་ཤག་དང་ཚོགས་ཁང་སོགས་གསར་རྒྱག་གི་ལས་ལ་ལྷག་པར་བརྩོན་ཅིང༌། ྋརྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་སླད་ངལ་བ་ཁྱད་དུ་བསད་དེ་ཕྱི་ལོ་ ༡༩༧༤ ལོར་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ཀྱི་འདུ་ཁང་གསར་བཞེངས་དང༌། ཕྱི་ལོ་༡༩༨༢ལོར་ཚོགས་ཆེན་འདུ་ཁང་ཆེན་མོ་ཕྱི་ནང་གཉིས་ཡོངས་རྫོགས་གསར་བཞེངས་ཞུས། ༡༩༨༧ ལོར་སེར་སྨད་གྲྭ་ཚང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱིས་གྲྭ་ཚང་གི་སློབ་གཉེར་དང་འཛིན་སྐྱོང་གི་ལས་དོན་ཡར་རྒྱས་བྱུང་ཡོད། གྲྭ་ཚང་འདིར་ལོ་རེ་བཞིན་སློབ་གཉེར་བ་ཇེ་མང་དུ་ཕྱིན་ནས་སླར་ཡང་གཙུག་ལག་ཁང་གསར་བཞེངས་རྒྱ་སྐྱེད་ཀྱི་ལས་གཞི་བརྩམས་ནས། ཕྱི་ལོ་ ༢༠༠༢ ལོར་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱིས་གཙུག་ལག་ཁང་གསར་པའི་དབུ་འབྱེད་མཛད་སྒོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོགཉེ་བའི་རིགས་བདག་ྋསྐྱབས་རྗེ་བྱང་རྩེ་ཆོས་རྗེ་མཆོགགདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། རིས་མེད་ཆོས་སྡེ་ཁག་གི་བླ་སྤྲུལ་རྣམ་པ། ས་གནས་ཀར་ན་ཀྲ་ཀ་མངའ་སྡེའི་བློན་ཆེན་མཆོགརང་གཞུང་ཆོས་དོན་བཀའ་བློན་གྱིས་མཚོན་འདིར་བཞུགས་ས་གནས་སེར་སྐྱ་ཕོ་མོ་དང༌། ཕྱོགས་མཐའ་ཁག་གི་ཆོས་ཞུ་བ་བཅས་མི་མང་ཁྲི་ཚོ་བརྒལ་བ་ལྷན་འཛོམས་ཐོག་ྋགོང་ས་མཆོག་གིས་དབུ་འབྱེད་རབ་གནས་བྱིན་རླབས་དང་འབྲེལ་གསུང་ཆོས་བཀའ་དྲིན་བསྩལ། ཕྱི་ལོ་ ༢༠༠༧ ལོར་ཆོས་ར་རྒྱ་ཁྱོན་ཆུང་བ་དང༌། དབྱར་ཁ་ཆར་དུས་སུ་ཆུ་ཐིགས་ཟག་པ་སོགས་ཀྱི་དཀའ་སེལ་ཆེད་དད་ལྡན་ལྷག་བསམ་ཅན་དང༌། སློབ་མ་རྣམས་ལ་ཆོས་ར་ཉམས་གསོའི་ཆེད་འབོད་སྐུལ་ཞུས་ཏེ་ཉམས་གསོ་གནང་ཡོད། ད་ལྟའི་ཆར་འདི་ག་གྲྭ་ཚང་དུ་དགེ་འདུན་ཞལ་གྲངས་ ༡༣༢༧ བཞུགས་པ་རྣམས་ཐུགས་མཐུན་ཁྲིམས་གཙང་ངང་འཕགས་བོད་མཁས་པའི་གསུང་རབ་སྤྱི་དང༌། ཁྱད་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱི་ཡིག་ཆར་གཞིར་བཅོལ། གྲྭ་ཚང་གི་ཐུན་མིན་ཡིག་ཆའི་སྲོག་བཟུང༌། རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་དང་སྙན་སུམ་སོགས་ཐུན་མོང་རིག་གནས་ཀྱིས་ཟུར་བརྒྱན་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གནང་མུས་ཡིན། གྲྭ་ཚང་འདིའི་ཐོས་བསམ་སློབ་གཉེར་གནང་ཕྱོགས་ནི། འཛིན་གྲྭ་དང་པོ། ཁ་དོག་དཀར་དམར་སོགས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་དང༌། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བློ་རྟགས། དེ་ནས་ཕར་ཕྱིན་གཞུང་གསར་འཛིན་གྲྭ། གཞུང་རྙིང་འཛིན་གྲྭ། གཞུང་རྙིང་གོང་མ། སྐབས་གཉིས་པ། སྐབས་བཞི་པ། ཟུར་བཀོལ་དང་པོ། ཟུར་བཀོལ་གཉིས་པ། དབུ་མའི་འཛིན་གྲྭ། དབུ་གསར་དང་པོ། དབུ་གསར་གཉིས་པ། དབུ་རྙིང་དང་པོ། དབུ་རྙིང་གཉིས་པ། འདུལ་བ་གཞི་སྟོད། འདུལ་མཛོད་འཛིན་གྲྭ། གཟན་རྐྱང་འཛིན་གྲྭ། འདུལ་བ་གཞི་སྨད། འཛིན་གྲྭ་གསུམ་པ། མཛོད་གནས་དང་པོ་བཞི། འཛིན་གྲྭ་གཉིས་པ། མཛོད་གནས་ཕྱི་མ་བཞི། འཛིན་གྲྭ་དང་པོ། འདུལ་མཛོད་ལ་བསྐྱར་སྦྱོང༌། དེ་ནས་ལྷ་རམས་འཛིན་གྲྭར་སླེབས་མཚམས་ལོ་རེའི་བོད་ཟླ་གཉིས་པར་མཛོད་དང༌། བོད་ཟླ་བཅུ་གཅིག་པར་འདུལ་བའི་དམ་བཅའ་ཚུགས་རྒྱུ་བཅས་དེ་ལྟར་ལོ་ངོ་བཅོ་བརྒྱད་རིང་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔའི་འགྲེལ་པ་དང་བཅས་པར་སློབ་གཉེར་དཔྱིས་ཕྱིན་པ་གནང་བཞིན་པ་བཅས་ཆོས་ཕྱོགས་ཀྱི་བྱ་བ་སྤྱི་དང༌། ཡང་སྒོས་གྲྭ་ཚང་འདི་ཉིད་ཀྱི་ལོ་རེའི་ཆོས་ཀྱི་བྱེད་སྒོ་རྩ་ཆེན་རྣམས་ཚུལ་བཞིན་དུ་སྒྲུབ་མུས་ཡིན། ཕྱི་ལོ་ ༡༩༧༦ ལོར་སེར་སྨད་གྲྭ་ཚང་གི་སློབ་གྲྭ་གསར་དུ་བཙུགས་པ་དང༌། རྒྱ་གར་མངའ་སྡེ་གཞུང་གི་ངོས་ལེན་ཡོད་པའི་སློབ་གྲྭ་ཞིག་ཡིན། དེ་སྐབས་འཛིན་ཁང་སོགས་མེད་པས་ཀ་ཕིབས་དང༌། ཤིང་སྡོང་གི་གྲིབ་བསིལ་སོགས་ལ་འཛིན་གྲྭ་ཚོགས་ཤིང༌། བོད་ཀྱི་ཐུན་མོང་མིན་པའི་ཤེས་ཡོན་མི་ཉམས་གཅེས་འཛིན་དང༌། རྒྱུན་སྲོལ་མི་ཉམས་གོང་འཕེལ་ཆེད་དུ་དམིགས་པ་མ་ཟད། དེང་རབས་ཀྱི་ཤེས་ཡོན་ཡང་སློབ་ཁྲིད་གནང་གི་ཡོད། སློབ་གྲྭའི་ངོས་ནས་ཕྱི་རྒྱལ་རོགས་ཚོགས་ཁག་དང༌། ཕྱི་རྒྱལ་སྤུན་ཟླ་ཕོ་མོ་སོ་སོ་ནས་རོགས་དངུལ་མཐུན་འགྱུར་གནང་བ་རྣམས་སློབ་ཕྲུག་གི་ཞལ་ལག་དང་། འཕྲོད་བསྟེན། འབྲི་དེབ། སློབ་དེབ། ཤེས་ཡོན་ལ་སྨན་པའི་དགོས་མཁོ་སོགས་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་རྗེས་ ༡༩༧༩ ལོར་མཁན་རིན་པོ་ཆེ་བྱམས་པ་དོན་ཡོད་མཆོག་གྲྭ་ཚང་གི་མཁན་པོའི་འགན་བཞེས་གནང་སྐབས་འཛིན་ཁང་འགའ་ཞིག་དང༌། ས་ཆ་བཅས་གྲྭ་ཚང་ནས་སློབ་གྲྭར་གནང་བ་དང་བསྟུན། རྒྱ་ཅོག་དང་རྐུབ་སྟེགས་ཀྱང་གསར་བཟོ་གནང༌། དེ་བཞིན་སློབ་དེབ་དང་དགེ་རྒན་སོགས་ཕྱི་ནས་གདན་འདྲེན་ཞུས་ཏེ་རིམ་བཞིན་ཚགས་ཚུད་དང༌། ཡར་རྒྱས་དང་སྦྲགས་རྒྱ་སྐྱེད་གང་འཚམས་གནང་ཐུབ་པ་བྱུང༌། དེ་ལྟར་རིམ་བཞིན་ཡར་རྒྱས་གང་ལེགས་བྱུང་བ་ནི་གཙོ་བོ་ཕྱི་རྒྱལ་ཁག་ནས་རོགས་ཚོགས་དང༌། ཕྱི་རྒྱལ་སྤུན་ཟླ་ཕོ་མོ་སོགས་ནས་ཞལ་འདེབས་དང་སྦྱིན་བདག་གི་རོགས་རམ་མཐུན་འགྱུར་ཁོ་ནར་བརྟེན་ནས་བྱུང་བ་མ་ཟད། མཁན་རིན་པོ་ཆེ་རིམ་བྱོན་དང༌། མཁན་ཟུར་རིན་པོ་ཆེ་རྣམ་པས་ཐུགས་ཁུར་ཆེ་བཞེས་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལྟར་དགེ་འདུན་པ་ལོ་ཆུང་ཚོའི་ཆེད་དུ་སློབ་གྲྭ་གསར་འཛུགས་དང་གཞན་ཡང་སྤྱི་ཚོགས་ཞབས་ཞུ་ལ་ཕན་པའི་སྨན་ཁང་དང་། ཟ་ཁང༌། མགྲོན་ཁང༌། ཚོང་ཁང་སོགས་འཛུགས་གཉེར་གྱིས་ཞབས་ཞུ་ཞུ་བཞིན་ཡོད་པ་དང༌། ྋགོང་ས་མཆོག་ནས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཐུགས་བརྩེས་མ་འོངས་བླང་དོར་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ་བའི་དགོངས་དོན་དེ་དག་སྙིང་དབུས་སུ་བཅངས་ཏེ། གྲྭ་ཚང་འདི་ཉིད་ཀྱི་ཆོས་སྲིད་མཛད་ཕྱོགས་ཀྱི་གེགས་སྐྱོན་ཇི་བྱུང་རྣམས་རིམ་སེལ་ཐོག་ཡར་རྒྱས་བཟང་ཕྱོགས་སུ་མདུན་སྐྱོད་གནང་བཞིན་ཡོད།། །།
Sera Mey Monastery, Sera Lama Camp Bylakuppe
Karnataka, 571104

༄༅། །གཞིས་དགོན་ཐེག་ཆེན་གླིང་ནི། ཕྱི་ལོ་ ༡༩༧༥ ལོར་བྷན་ད་ར་ནོར་རྒྱས་གླིང་གཞིས་མི་ཡོངས་དང་དགེ་འདུན་པ་ཐུན་མོང་གིས་བཞེངས་ཤིང༌། དགོན་པའི་མཚན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་ཆིབས་བསྒྱུར་སྐབས་སྩལ་པ་ཞིག་ཡིན། དགོན་པའི་ནང་དགེ་འདུན་པ་ ༨ ཙམ་བཞུགས་པ་རྣམས་ཌལ་ཧོར་གདན་གསུམ་ཁ་འཐོར་དགེ་འདུན་པ་འཛོམས་པ་འདི་གར་རང་གཞུང་ནས་གནས་སྤོ་གནང་བ་ཞིག་ཡིན། འདི་གར་གཞི་གསུམ་གྱི་ཆོ་ག་ཉམས་མེད་ཐོག་ཀུན་རིག་དང༌། དཔའ་གཅིག་བདག་འཇུག་སོགས་ལོ་ལྟར་ལེན་བཞིན་པ་དང༌། འདི་གའི་རྟེན་གཙོ་བཀའ་འགྱུར་བོད་ཤོག་དེ་དག་གཞིས་མི་སྤྱི་ནས་ལོ་ལྟར་ཆོ་འཕྲུལ་ཟླ་བའི་ཉིན་དག་སྒྲོག་ཞུ་བཞིན་ཡོད།། །།
Thekchenling Monastery, Tibetan Settlement, Camp # 2, P.O. Pratap Garh Bhandara
Maharashtra, 441702

༄༅། །གདན་ས་ཆེན་མོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བའི་གདན་ས་ཆེན་པོ་འདི་ཉིད་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་དབུས་གཙང་བསྟན་པའི་སྒྲོན་མེ་བཅུའི་ནང་ཚན་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་མངའ་བདག་སེམས་པ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་བཟང་པོས་ཐོག་མར་ཕྱག་བཏབ།དེ་ཡང་རྩེ་ཤར་གྱི་བསྟན་པའི་གསལ་བྱེད་གཉིས་ཀྱི་ནང་ཚན་ཧོར་སྟོན་ནམ་མཁའ་དཔལ་བས་རྒྱལ་ཚབ་ཆོས་རྗེའི་རྗེས་སུ་གདན་ས་བསྐྱངས་ཏེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོར་བྱང་རྩེ་ཁང་བཏབ་སྟེ་བླ་ས་བཟུང༌།ཆོས་ཟུར་འཆད་མཛད་དེ་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་རྒྱལ་མཚན་བླ་ན་བསྒྲེངས།གསུང་ལས་སྐྱེས་པའི་བུ་སློབ་ཀྱང་རྒྱལ་མཆོག་དགེ་འདུན་གྲུབ།རྗེ་བཙུན་ཤེས་རབ་སེངྒེ་ལ་སོགས་པ་བསིལ་ལྗོངས་མཁས་རྒུའི་གཙུག་རྒྱན་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མ་ཕེབས།དེ་ལྟར་སེམས་དཔའ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་བས་དགའ་ལྡན་དུ་རྗེའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོར་བྱང་རྩེ་ཁང་དུ་གྲགས་པ་འདི་ཉིད་བཏབ་ནས་འཆད་ཉན་རྒྱ་ཆེར་མཛད་པར་བརྟེན། གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱི་མཚན་ལའང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་གྲགས།སེམས་དཔའ་ཆེན་པོ་གང་གིས་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་བཏབ་གནང་སྟེ་མདོ་སྔགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་དེ།གདན་ས་བསྐྱངས་པ་ནས་བཟུང་དུས་ད་ལྟ་ལ་ཐུག་པའི་བར་གསེར་རིའི་དབུས་ན་ལྷུན་པོ་དང༌།སྐར་ཚོགས་དབུས་སུ་ཟླ་བ་ལྟར་མངོན་པར་འཕགས་པའི་སྔ་ཕྱིའི་གདན་རབས་ཕྲེང་བའི་ཚོགས་ཀྱིས་ཆོས་ཀྱི་སྡེ་ཆེན་པོ་འདི་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་བཤད་སྒྲུབ་འཆད་ཉན་གྱི་རྣམ་པར་དཀར་བའི་ལེགས་ཚོགས་རྣམས་ཉམས་པ་མེད་པར་དྲིན་གྱིས་བསྐྱངས་དང་སྐྱོང་བཞིན་པ་དང༌།ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མདོ་དབུས་ཁམས་གསུམ་གྱིས་མཚོན་ཕྱོགས་འདུས་རྒྱ་ཆེའི་སློབ་གཉེར་བ་ཡོངས་ནས་ཀྱང་གདན་ས་འདི་ཉིད་དུ་དུས་རབས་རིམ་པར་གཞུང་ཆེན་བཀའ་པོད་ལྔས་མཚོན་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནང་སྟེ།མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བཟང་པོ་རང་རྒྱུད་མཛེས་པའི་རྒྱན་དུ་ལྷུར་བཞེས་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཁོར་ལོ་གཉིས་ཀྱིས་ཕྱོགས་ཀུན་ནས་ཉམས་པ་མེད་པར་བླ་ན་འདེགས་འབྲས་སུ།སྔོན་ཆད་གངས་རིའི་ལྗོངས་སུ་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོས་སྡེ་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་གྲགས་པའི་སྙན་པ་ཕྱོགས་བཅུར་གཡོ་བ་འདི་ཉིད་བྱུང་བ་ཡིན་ནོ།། དེ་ཡང་གཞིས་བྱེས་བོད་འབངས་ཡོངས་ཀྱི་སེམས་གཏིང་ནས་ནམ་ཡང་བརྗེད་མི་སྲིད་པའི་དུས་ཚིགས་ཀྱི་རྡོ་རིང་ལྟ་བུ་བོད་རབ་རྒྱལ་ས་ཕག་ལོའི་ཟླ་ ༢ ཚེས་ ༡༧ ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༧ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་མི་མི་ཉུང་བ་ཞིག་གསང་བྲོས་ཀྱིས་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་བཞིན།སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་གི་དབུས་མཁན་གདན་ཟུར་སོགས་དགེ་འདུན་པ་༡༠༠༠ཙམ་བཙན་བྱོལ་ལ་ཕེབས་འབྱོར་ཐུབ་པ་བྱུང་ཡོད། ལྷག་པར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་བྱུས་ལམ་སྟོན་ཉག་གཅིག་འོག་སྦག་སར་ཆེད་འཛུགས་གནང་བའི་༼སྦག་ས་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་༽གི་ཁོངས་སུའང་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ཞལ་གྲངས་ ༢༠༠ ལྷག་ཙམ་གྱིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ།གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་སྤྱོད་ཀྱི་མཛད་བཟང་རྣམས་ཕྱོགས་ཡོངས་ནས་ཉམས་པ་མེད་པར་སླར་གསོ་དང་རྒྱུན་འཛིན་གྱིས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས།སླར་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་འཕྲལ་ཕུགས་ཀྱི་དགོངས་གཞི་ཟབ་མོའི་འོགཕྱི་ལོ་ ༡༩༧༠ ཟླ་ ༡ པོར་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཚུལ་ཁྲིམས་ཆོས་འཕེལ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ཞལ་གྲངས་ ༡༧༣ ལྷག་ཙམ་སྦག་ས་ཆོས་སྒར་ནས་བསྐྱར་དུ་ལྷོ་གཞིས་མོན་གྷོ་འདོད་རྒུའི་གླིང་དུ་བསྐྱར་སྤོས་གནང༌།དེ་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་མཆོག་གི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་འོད་ཞགས་འོག་གྲྭ་ཚང་རིན་པོ་ཆེའི་ཕྱག་བཞེས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་ལེགས་ཚོགས་ཀྱི་ལེགས་བྱང་སྤྱི་དང༌།སྒོས་སུ་གྲྭ་ཚང་འདི་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཕྲ་མོ་ཚུན་ཉམས་པ་མེད་པར་བསྐྱར་གསོ་ཡང་གསོའི་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཁྱབ་དུ་འཕེལ་ཐུབ་པ་བྱུང་ཡོད།ཕྱིས་སུ་རིམ་གྱིས་བོད་པའི་གཞི་ཆགས་ཁག་དང༌།བོད་དང༌།འབྲུགབལ་ཡུལ།མོན།ལ་དྭགས།སྤི་ཏི།ཁུ་ནུ།གར་ཞ་སོགས་དང༌།གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་གྲྭ་རྒྱུན་གསར་ཞུགས་ཇེ་མང་གིས་དགེ་འདུན་གྱི་སྡེ་ཚོགས་ཇེ་རྒྱས་སུ་སོང་སྟེ།དེང་གི་ཆར་གྲྭ་ཚང་འདིར་དགེ་འདུན་པ་ ༡༨༣༠ ཡས་མས་ཤིག་གིས་འཕགས་བོད་ཀྱི་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང༌། ལྷག་པར་དུ་འཇམ་མགོན་ཡབ་སྲས་རྣམས་ཀྱི་གཞུང་ལུགས་ཁག་གི་གཙོས་གྲྭ་ཚང་རིན་པོ་ཆེའི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཡིག་ཆ་རྣམས་ལ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་གྱིས་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་འཇུག་པ་བསྐྱངས་དང་སྐྱོང་བཞིན་པ་བཅས་ཡིན།།།།
Gaden Jangtse Monastery, Lama Camp No. 1, P.O. Tibetan Colony Mundgod
Karnataka, 581411

༄༅། །རི་བོ་དགེ་ལྡན་པའི་སྲོལ་འབྱེད་ཆེན་པོ་༸རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་སྨད་དེ་ཕྱི་ལོ་ ༡༤༡༩ ལོར་སེ་ར་ཆོས་སྡིངས་སུ་༸རྗེ་རིན་པོ་ཆེའི་འཁོར་སློབ་མཁས་མང་འདུས་པའི་དབུས་སུ་གསང་སྔགས་ཀྱི་ཆོས་སྐལ་གནང་བཞིན་པའི་སྐབས། ༸རྗེ་ཙོང་ཁ་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་གླེགས་བམ་ཕྱག་ཏུ་བཏེགས་ནས། མ་འོངས་པར་འདིའི་བདག་པོ་ནུས་པ་སུ་ཡོད་ཅེས་ལན་གསུམ་གྱི་བར་བཀའ་བསྒྲགས་པ་ན། མཁས་པ་གཞན་སུས་ཀྱང་ལན་ཞུ་བར་མ་སྤོབས་པའི་ཚུལ་དུ་བཞུགས་སྐབས། ༸རྗེ་བཙུན་ཤེས་རབ་སེངྒེ་མཆོག་མཁས་མང་རྒྱ་མཚོའི་དབུས་ནས་བཞེངས་ཏེ། མ་འོངས་པར་དགེ་ལྡན་གསང་སྔགས་ཀྱི་བསྟན་པ་བདག་གིས་འཛིན་ནོ། །ཞེས་༸རྗེ་ཙོང་ཁ་པའི་དྲུང་དུ་དམ་བཅའ་ཕུལ་བ་ལ། ༸རྗེ་ཙོང་ཁ་པ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ནས། དཔལ་གསང་བ་འདུས་པའི་སྐུ་བརྙན་བྱིན་ཅན་དང༌། རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་སོགས་དམ་རྫས་ཁྱད་པར་ཅན་མང་དུ་གནང་ནས་གསང་སྔགས་བསྟན་པའི་བདག་པོར་མངའ་གསོལ་བ་བཞིན། ཕྱི་ལོ་ ༡༤༣༣ ལོར་རྗེ་བཙུན་ཤེས་རབ་སེངྒ་མཆོག་ནས་རྒྱུད་སྨད་གྲྭ་ཚང་འདི་ཉིད་ཕྱག་བཏབ། དེ་ནས་ད་ལྟའི་བར་ལོ་ ༥༩༡ ཕྱིན་ཡོད། གསུང་རྟེན་བཀའ་འགྱུར་བསྟན་འགྱུར་ཚར་ཁ་ཤས། རྗེ་ཡབ་སྲས་དང། ༸རྒྱལ་དབང་པཎ་ཆེན་སོགས་མཁས་གྲུབ་དུ་མའི་གསུམ་འབུམ་སོགས་མང། གྲྭ་ཚང་རང་གི་ཡིག་ཆ་པོད་དུ་མ། སྐུ་རྟེན༸རྗེ་ཤེས་རབ་སེངྒེའི་འབྲལ་སྤང་སོགས་སྐུ་རྙིང་། འདུ་ཁང་དུ་རྟེན་གཙོ་ཐུབ་པའི་དབང་པོ། རྗེ་ཡབ་སྲས། ཡི་དམ་རྣམ་གསུམ་གྱི་སྐུ་དང་བློས་བསླང་དཀྱིལ་འཁོར། ལྷག་པར་དུ་༸རྗེ་ཤེས་རབ་སེངྒེའི་སྐུ་བརྙན་བཞིན་འཛུམ་མ་སོགས་ཧ་ཅང་མང་། ཞལ་ཐང་ནི། ཙོང་ཁ་བརྒྱད་ཅུ་དང། དཔག་བསམ་ཁྲི་ཤིང་སོགས་གྲངས་ལས་འདས། གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་གཙོ་བོར་གྱུར་པའི་སློབ་མ་རྣམས་ལ་མཁན་རིན་པ་ཆེ་ནས་སྔར་སྲོལ་གསང་སྔགས་ཀྱི་འཆད་ཉན་མང་དུ་ཡོད་པའི་སྟེང་། དེང་རབས་ཀྱི་འགྲོས་དང་བསྟུན་ནས། དགེ་འདུན་ན་གཞོན་རྣམས་ལ་ཐུན་མོང་བའི་རིག་གནས་སྐད་ཡིག་སོགས་དང། མདོ་སྔགས་གཉིས་ཀའི་གཞུང་ཆེན་སློབ་གཉེར་ལོ་ངོ་བཅོ་ལྔ་འགྲིམ་དགོས་ཤིང་། ལོ་སོ་སོར་རྒྱུགས་སྤྲོད་དང། མཐར་སྔགས་རམས་ཐོན་པ་ཡིན། གྲྭ་ཚང་དུ་གཏན་བཞུགས་ ༤༠༠ སྐོར་དང། དགེ་བཤེས་སོགས་ཕྱི་ལ་བཞུགས་པ་ ༡༢༠༠། ཕྱི་ནང་གཉིས་ཀ་བསྡོམས་དགེ་འདུན་ཞལ་གྲངས་ ༡༧༠༠ སྐོར་ཡོད། དེའི་ནང་བོད་རིགས་དང། ཧི་མཱ་ལ་ཡའི་རི་རྒྱུད་ལ་དྭགས་དང་། མོན། ཁུ་ནུ། བལ་ཡུལ་སོགས་དང། སོག་པོ་དང་། འབྲུག་པ་བཅས་ཚུད་ཡོད་པ་བཅས།། །།
Gyudmed Tantric University, P.O. Gurupura Hunsure Taluk, Mysore,
Karnataka, 571188

༄༅།།གངས་ཅན་ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཐམས་ཅད་མཁྱེན་པ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མ་ཡིན་པའི་ལས་དང་སྨོན་ལམ་གྱིས་འབྲེལ་བའི་སྐུའི་གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི།༸རྒྱལ་དབང་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མངའ་དྭགས་རྒྱལ་གསུམ་གྱི་ཡ་གྱལ་ཆོས་འཁོར་རྒྱལ་གྱི་དགོན་གནས་ཕྱག་བཏབ་པ་དང་དུས་མཚུངས་ཐོག་མར་ཕྱག་འདེབས་པར་མཛད་ཅིང༌། དེ་མཇུག་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་མཆོག་ནས་རབ་བྱུང་བཅུ་པའི་ཤིང་ཁྱི།ཕྱི་ལོ་ ༡༥༧༤ ལོར་དཔལ་ལྡན་འབྲས་སྤུངས་གསང་སྔགས་ཕོ་བྲང་དུ་ཡོངས་གྲགས་ཕྱག་འདེབས་པར་མཛད་ཅིང་། ཐོག་མའི་རྟེན་འབྲེལ་གྱི་སླད་དུ་༸རྒྱལ་དབང་མཆོག་གིས་རྗེ་བདག་ཉིད་ཆེན་པོའི་གསུང་འགྲེལ་པ་སྒྲོན་གསལ་གྱི་བཀའ་ཆོས་ཆོས་ཐུན་གཅིག་གནང་ཐོག་དགོན་མིང་དུ་ཕན་བདེ་ལེགས་བཤད་གླིང་ཞེས་མཚན་གསོལ་གཟེངས་བསྟོད་ཀྱི་བཀའ་དྲིན་བསྩལ།ཕྱི་ལོ་ ༡༤༧༨ལོར་སོག་པོའི་རྒྱལ་པོ་ཨལ་ཐན་དང་༸རྒྱལ་དབང་རྣམ་གཉིས་མཆོད་ཡོན་དུ་གྱུར་བས་མཆོད་ཡོན་ཉི་ཟླ་རྣམ་གཉིས་བསྟན་འགྲོའི་དོན་ཆེན་སླད་དུ་སྐུ་ཚེ་བསྲིང་ཆེད་གཙུག་ཏོར་རྣམ་པར་རྒྱལ་མའི་ཆོ་ག་འཛུགས་པར་མཛད་པས།རྣམ་རྒྱལ་གྲྭ་ཚང་ཞེས་ཡོངས་གྲགས་དགོན་མིང་དུ་འཇགས། རྗེས་སུ་སྐུ་ཞབས་གྲྭ་ཚང་དུའང་འབོད། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཕྱི་ལོ་༡༦༤༢ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཤིང་བོད་ཁམས་ལ་མངའ་བདག་དབང་བསྒྱུར་བའི་རྟེན་གཞིར་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་གསར་སྐྲུན་གནང་རྗེས་ཕྱི་ལོ་༡༦༥༣ལོར་༸རྒྱལ་དབང་ལྔ་པ་ཆེན་པོ་འབྲས་སྤུངས་ནས་ཕོ་བྲང་པོ་ཏ་ལར་སྤོ་བཞུགས་གནང་ཞིང་།དེ་འབྲེལ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་ཀྱང་ཆོས་ཕྱོགས་ནས་༸རྒྱལ་བའི་གསུང་ཞབས་ཀྱི་ཞུ་སྒོ་སྨོས་མེད་ཐོག་བོད་གཞུང་དགའ་ལྡན་ཕོ་བྲང་པའི་བསྟན་སྲིད་བདེ་ཐབས་སོགས་ཀྱི་ཞབས་རིམ་གཙོ་གྱུར་གྱི་སྐབས་བབ་ཀྱི་ཞབས་ཞུ་གལ་ཆེ་སྣེ་མང་འཕྲལ་སྒྲུབ་ཞུ་དགོས་པས་འབྲས་སྤུངས་གསང་སྔགས་ཕོ་བྲང་ནས་རྩེ་པོ་ཏ་ལར་སྤོ་བཞུགས་ཀྱིས་གསང་སྔགས་དགའ་ཚལ་གསར་བཞེངས་གནང་བས་རྩེ་རྣམ་རྒྱལ་གྲྭ་ཚང་ཞེས་མཚན་ཐོགས།ལྷག་པར་དུ་༸རྒྱལ་མཆོག་ལྔ་པའི་སྐུ་དུས་སུ་གྲྭ་ཚང་འདི་ཉིད་དུ་སྔགས་ཕྱོགས་ཀྱི་ཆོ་ག་ཁག་མང་གསར་འཛུགས་བཀའ་དྲིན་བསྐྱངས་ཏེ་སྔར་ལས་ཡར་རྒྱས་དང༌། ཕུན་སུམ་ཇེ་ཚོགས་སུ་གཏོང་གནང་མཛད།༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་ཡི་དམ་གསང་བདེ་འཇིགས་གསུམ་དང༌། ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་སོགས་ཆོག་གཞུང་གསར་འཛུགས་དང་འབྲེལ་གྲྭ་གྲངས་ ༡༧༥ གྲངས་བཅད་མཛད་པས་དུས་འཁོར་གྲྭ་ཚང་ཞེས་ཀྱང་བརྗོད་སྲོལ་བྱུང་། ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་དབང་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་ཞབས་ཞུར་བོད་གཞུང་བཀའ་ཤག་གསར་འཛུགས་བསྐྱངས་པ་དང་ཆབས་ཅིགགྲྭ་ཚང་གི་སྐུ་ཞབས་རྣམས་ལའང་གཟིགས་བཟོས་སུ་གཞུང་ཞབས་རྩེ་སྐོར་གྱི་གོ་གནས་མཐོ་དམའ་རིམ་པ་མང་པོ་བསྩལ། དུས་དེ་ནས་བཟུང་༸རྒྱལ་བའི་ཆོས་ཕྱོགས་ཀྱི་ཞབས་ཞུ་དང་། རང་གཞུང་གི་བསྟན་སྲིད་ཞབས་རིམ་བཀའ་འབྲེལ་དུས་ཐོག་སྨིན་སྒྲུབ་མི་ལོ་བརྒྱ་ཕྲག་ཁ་ཤས་རིང་གཟེངས་སུ་ཐོན་པར་ཞུས། བྱེས་ཀྱི་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི། བོད་གངས་ལྗོངས་སུ་རིག་གནས་གསར་བརྗེ་ཞེས་པའི་དུས་འགྱུར་གྱི་རླུང་འཚུབ་དྲག་པོས་བོད་ཀྱི་སྣོད་བཅུད་གཉིས་ཀ་མིང་གི་ལྷག་མ་ཙམ་དུ་བཟོས་ཀྱང་། གངས་ཅན་ཆོས་སྲིད་ཟུང་གི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཕགས་ཡུལ་ཆོས་ཀྱི་ཞིང་སར་ཞབས་སོར་ལེགས་པར་འཁོད་དེ། ཕྱི་ལོ་༡༩༥༩དང་༡༩༦༠ལོ་གཉིས་སུ་སྐུ་ཞབས་ཞལ་གྲངས་༥༢སྔ་རྗེས་སུ་རྒྱ་གར་འཕགས་ཡུལ་དུ་ཕེབས་ཐུབ་པའི་རྣམ་གྲྭ་བ་རྣམས་ཌལ་ཧོར་སོགས་ས་གནས་གཞན་ནས་བཀའ་འགུགས་གནང་སྟེ་ཕྱི་ལོ་༡༩༦༢ལོར་བྱེས་ཀྱི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གསར་འཛུགས་བཀའ་དྲིན་བསྐྱངས་ཤིང་།སྔར་སྲོལ་སྒྲིག་ལམ་ཀུན་སྤྱོད་དང་། གཏོར་སྒྲུབ་སྒྲུབ་མཆོད། དཀྱིལ་འཁོར་འབྲི་ཐིག འདོན་རྟ་དབྱངས། གཏོར་བཟོ་དཀར་རྒྱན། དུང་རྒྱ་རོལ་མོ། གར་དང་འཆམ་སོགས་བསྐྱར་གསོ་གནང་ཐོགཕྱི་ལོ་༡༩༧༠ལོར་བོད་ཕྲུག་སློབ་མ་མི་ཉུང་བ་ཞིག་གསར་འཇུག་གིས་གཞུང་ཆེན་མཚན་ཉིད་རིགས་ལམ་སློབ་གཉེར་གནང་སྲོལ་གསར་གཏོད་ཀྱིས་མདོ་སྔགས་ཟུང་དུ་འབྲེལ་བའི་ཉམས་བཞེས་ནུས་ལྡན་དུ་གྱུར་པ་སོགས་ཆེས་བཀའ་དྲིན་གྱིས་བསྐྱངས་པར་མཛད། དེ་སྐབས་གཞུང་ཆེན་མཚན་ཉིད་ལ་གཟིགས་ཐོག་ཆེད་མཁན་པོ་གསར་དུ་བསྐོ་གཞག་བྱུང་བས་མཁན་པོའི་མཚན་གནས་ཀྱང་དེ་ནས་བྱུང་།མཁན་ཐོག་དང་པོ་ཉེ་བའི་རིགས་བདག་རྗེ་བཙུན་བློ་བཟང་དོན་གྲུབ་མཆོག་དང་།གཉིས་པ་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་མཆོགགསུམ་པ་༸སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོགབཞི་པ་གོ་བོ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོགལྔ་པ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་མཆོགདྲུག་པ་རྗེ་བཙུན་བསོད་ནམས་སངས་རྒྱས་མཆོགབདུན་པ་ད་ལྟའི་མཁན་པོའི་ལས་ཐོག་པ་ཁྲོམ་ཐོག་རིན་པོ་ཆེ་བློ་བཟང་དམ་ཆོས་མཆོག་བཅས་མཁན་ཐོག་རིམ་པ་བདུན་བྱུང་། དེང་སྐབས་གྲྭ་ཚང་དུ་དགེ་འདུན་བགྲེས་གཞོན་ཞལ་གྲངས་ ༢༢༠ ཙམ་བཞུགས་ཤིང་། དེ་དག་གི་ནང་ནས་གཞོན་གྲས་རྣམས་ཀྱིས་མདོ་སྔགས་ལོ་རིམ་བཅོ་ལྔ་བར་མཚན་ཉིད་ཀྱི་གཞུང་ཆེན་མོ་དང༌། འདོན་ཆོག་གི་པོད་ཆེན་ལྔར་ཐོས་བསམ་སློབ་གཉེར་མུ་མཐུད་གནང་བཞིན་པའི་ཐོག བོད་ཀྱི་ཐ་སྙད་རིག་གནས་ལས་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ཆོས་འབྱུང་། སྙན་ངག་མངོན་བརྗོད། འཕྲིན་ཡིག་གི་རྣམ་གཞག ཡིག་གཟུགས་སྣ་ཚོགས་དང་། ཨིན་ཇིའི་སྐད་ཡིག་སོགས་ལ་སྦྱང་བརྩོན་གནང་བཞིན་པ་དང༌། ཡང་སྒོས་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་གྲྭ་གཞོན་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུ་གལ་ཆེའི་བཀའ་སློབ་ཡང་ཡང་ཕེབས་དོན་བཞིན།ཕྱི་ལོ་༢༠༡༧ཟླ་༡༡ ཚེས་༢ཉིན་༸མགོན་པོ་གང་ཉིད་ནས་རྣམ་གྲྭ་སློབ་གཉེར་དབུ་འབྱེད་ཐོག་གྲྭ་གཞོན་རྣམས་ནས་གཞུང་ཆེན་མཚན་ཉིད་དང་འདོན་ཆོག་པོད་ཆེན་ལྔ་ལ་ཐོས་བསམ་སློབ་གཉེར་ཐོག་འཛིན་རིམ་བཅུ་པ་བར་ཚན་རིག་དང་།གློག་ཀླད་ཀྱིས་མཚོན་དེང་དུས་ཀྱི་ཤེས་རིག་ཁག་ལ་སྦྱང་བརྩོན་གནང་མུས་ཡིན།།།།
Namgyal Monastery, Thekchen Choeling Road P.O. Mcleod Ganj, Dharamshala, Kangra,
Himachal Pradesh, 176219

༄༅། །གསང་ཆེན་བསྟན་པའི་འབྱུང་གནས་ཀྱི་ཆུ་འགོ་གངས་ལ་ཐུག་པ་ལྟར་གྱི་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་འདི་ཉིད་ཕྱི་ལོ་༡༤༥༠ལོར་བཞེངས་པ་ཡིན་ཞིང༌། དེ་ཡང་ཕུར་ལྕོགས་ངག་དབང་བྱམས་པའི་གདན་ས་ཆེན་པོ་གསུམ་དང༌། རྒྱུད་གྲྭ་རྣམ་གཉིས་ཀྱི་ལོ་རྒྱུས་ལྟར་ན་རྗེ་བཙུན་ཤེས་རབ་སེངྒེས་ཕྱག་བཏབ་པ་དང་། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱི་འཇིགས་བྱེད་ཆོས་འབྱུང་ལྟར་ན་རྗེ་བཙུན་ཤེས་རབ་སེངྒེའི་སློབ་མ་རྗེ་འདུལ་བ་འཛིན་པ་དཔལ་ལྡན་བཟང་པོས་ཕྱག་བཏབ་པར་བཞེད་ཀྱང་། དེང་གི་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་དགོངས་དོན་རྗེ་བཙུན་ཤེས་རབ་སེངྒེ་ཡིས་ཕྱག་བཏབ་པ་ངེས་སོ། ། རྒྱ་གར་འཕགས་པའི་ཡུལ་གྱི་གསང་ཆེན་མ་དགོན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་ནི་ཕྱི་ལོ་༢༠༠༠ལོར་སྲད་རྒྱུད་དབུ་འཛིན་བྱམས་པ་ངག་དབང་མཆོག་གིས་དཀའ་ངལ་སྣ་ཚོགས་དང་དུ་བླངས་པའི་འབྲས་བུར་ས་ལུ་ག་ར་མ་དགོན་གསང་ཆེན་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་འདི་བཞིན་གསར་དུ་འཛུགས་སྐྲུན་ཐུབ་པ་དང༌། ྋགོང་ས་མཆོག་གི་ཐུགས་སྨོན་དང་ཐུགས་དམ་འབའ་ཞིག་གི་བཀའ་དྲིན་ཉག་ཅིག་གི་འོག་དང༌། དགེ་ཚུལ་སློང་དང་ལས་སྣེ་རྣམ་པ། དགེ་འདུན་མང་གིས་ཕྱར་གྲུ་མཉམ་འདེགས་དང་། བྱེ་བྲག་ཏུ་དད་ལྡན་སྦྱིན་བདག་འབྲེལ་ཡོད་ཚོས་མཐུན་འགྱུར་གང་མང་གནང་བའི་མཐུ་ལས་གཙུག་ལག་ཁང་དང༌། རྒྱལ་བའི་གཟིམ་ཆུང༌། དཔེ་མཛོད་དང་སློབ་གཉེར་ཁང༌། གསོལ་ཐབ་དང་གཉེར་ཚང༌། གྲྭ་ཤགབོད་དང་ཕྱི་ལུགས་བཅས་ཀྱི་སྨན་ཁང་གསར་རྒྱག་ཞུ་ཐུབ་པ་བྱུང༌། ཕྱི་ལོ་༢༠༠༡ཟླ་༡༡ཚེས་༢ཉིན་ས་ལུ་ག་རར་སྲད་རྒྱུད་གྲྭ་ཚང་གི་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་ལེགས་གྲུབ་བྱུང་བའི་མཛད་སྒོར་ཇི་ལྟར་གསོལ་བ་བཏབ་པ་བཞིན། ྋགོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ཆེད་ཕེབས་ཀྱིས་སྔོན་འགྲོའི་གསུང་ཆོས་ལག་ལེན་སོ་བདུན་མ་དང་། སྒོམ་རིམ་བར་པ། དགའ་ལྡན་ལྷ་བརྒྱ་མ། གསང་བདེ་འཇིགས་གསུམ་གྱི་དབང་ཆེན་གདན་ཐོག་གཅིག་ཏུ་སྨིན་སྩོལ་མཛད་པ་མ་ཟད། མགོན་པོའི་རྗེས་གནང༌། མི་འཁྲུགས་པའི་དབང༌། སྒྲོལ་དཀར་ཚེ་དབང་བཅས་ཀྱི་བཀའ་དྲིན་བསྐྱངས། ད་ལྟའི་ཆར་དགེ་འདུན་ཞལ་གྲངས་༡༠༡དང༌། སློབ་གྲྭའི་ནང་འཛིན་གྲྭ་ཁག་བརྒྱད་ལ་སློབ་ཚན་ནི་ཆོས་སྤྱོད་བློ་འཛིན་དང་། ལམ་རིམ། ཆོག་ཁྲིད། བོད་ཡིགབརྡ་དགསྙན་སུམ། མཚན་ཉིད། ཨིན་ཇི། ཨང་རྩིས་བཅས་སློབ་ཁྲིད་ཞུ་བཞིན་ཡོད། ། ། །
Sed-Gyued Dratsang, Ponda Godown, 10 1/2 Mile P.O. Topkhana, Kalimpong
West Bengal, 734301

༄༅། །བླ་བྲང་བཀྲ་ཤིས་འཁྱིལ་ནི། མདོ་སྨད་ལྷོ་བྱང་གི་སའི་ཆར་གཏོགས་པའི་བསང་ཁོག་བཀྲ་ཤིས་འཁྱིལ་ཞེས་པར་ཕྱི་ལོ་ ༡༧༠༩ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་འདུ་ཁང་གསར་བཞེངས་དང་འབྲེལ། ཐོས་བསམ་གླིང་དང་རྒྱུད་སྨད་གྲྭ་ཚང་གཉིས་གསར་བསྐྲུན་གྱིས་འཆད་ཉན་གྱི་བྱ་བ་རྣམས་ལེགས་པར་བཙུགས། དེ་རྗེས་ཁོང་གི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་ཡུན་རིང་བསྐྱངས་པ་དང་། རིམ་བཞིན་ཀུན་མཁྱེན་སྐུ་ཕྲེང་གཉིས་པས་སྔར་གྱི་འདུ་ཁང་དེ་ཀ་བ་བརྒྱ་དང་བཞི་བཅུར་རྒྱ་སྐྱེད་གནང་བ་དང་། དུས་འཁོར་དང་སྨན་པ་གྲྭ་ཚང་གཉིས་གསར་འཛུགས་གནང་། སྐུ་ཕྲེང་བཞི་པས་ཀྱེ་རྡོར་གྲྭ་ཚང་བཏབ་ཅིང་བཙན་ཁང་ཆེན་མོ་སོགས་བཞེངས། སྐུ་ཕྲེང་ལྔ་པས་རྒྱུད་སྟོད་གྲྭ་ཚང་གསར་དུ་བཏབ་པ་སོགས་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་དང་། གུང་ཐང་བསྟན་པའི་སྒྲོན་མེ་སོགས་གསེར་ཁྲི་རྣམ་པ་བཞི་དང་། མཁན་པོ་རྣམ་པ་བརྒྱད་སོགས་སྐྱེས་ཆེན་དམ་པ་དུ་མས་ཆོས་སྲིད་གཉིས་ཀྱི་ཆ་ནས་ལེགས་པར་བསྐྱངས་པའི་ཆོས་སྡེ་ཞིག་ཡིན། བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཞབས་གུང་ཐང་ཚུལ་ཁྲིམས་ལགས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཏེ། ཕྱི་ལོ་ ༡༩༦༥ལོར་མདོ་སྔགས་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ཚབ་དུ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དུ་ཕྱག་བཏབ་ཅིང་། ཕྱི་ལོ་ ༡༩༦༧ ལོར་༸གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་རབ་གནས་དང་བཀའ་སློབ་ལམ་སྟོན་སྩལ། འདུ་ཁང་གི་རྟེན་གཙོ་བོ་༸སྟོན་པ་གཙོ་འཁོར་གསུམ་དང་། དེའི་གཡས་གཡོན་དུ་༸རྗེ་ཡབ་སྲས་གསུམ།༸རྒྱལ་བ་བྱམས་པ། སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ།༸རྗེ་རིན་པོ་ཆེའི་སྟོང་སྐུ། ཀུན་མཁྱེན་ཡབ་སྲས་སོགས་མི་ཉུང་བ་ཞིག་དང། གཞན་ཡང་བྱང་ཆུབ་མཆོད་རྟེན་ཆེན་པོའི་གཡས་གཡོན་དུ་མཆོད་རྟེན་ཆེན་པོ་བརྒྱད་ཡོད། ད་ལྟ་དགེ་འདུན་ཞལ་གྲངས་ ༨༤ དང་། གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་དང་། གཞི་རིམ་སློབ་གྲྭ་ལྟར་གྲྭ་ཚང་གི་སློབ་གྲྭ་ལ་སྐད་ཡིག་འཛིན་གྲྭ་བརྒྱད་པ་བར་དང་། དེ་རྗེས་བློ་གསལ་འཇུག་ངོགས། ཡང་གསལ་སྣང་མཛོད་སོགས་དང་། ཨིན་ཇི། ཧིནྡཱི། ཨང་རྩིས་བཅས་འཛིན་གྲྭ་བརྒྱད་པ་བར་དང་། དགེ་འདུན་པའི་སྒྲིག་འཛུགས་དང་། ཀུན་སྤྱོད་སོགས་ཀྱི་ཐོག་ལ་ཉེ་འཁོར་དུ་ཡོད་པའི་མི་མང་ནས་དགའ་དད་གུས་གསུམ་གྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད་ལ། དགེ་འདུན་པ་རྣམས་ཀྱིས་ཀྱང་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སློབ་གཉེར་མུ་མཐུད་གནང་བཞིན་ཡོད།། །།
Tashi Kyil Monastery, P.O. Clement Town, Dehradun,
Uttarakhand, 248002

༄༅། །གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང༌ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་གནས་བརྟན་རིན་ཆེན་རྒྱལ་མཚན་གྱིས་ཕྱི་ལོ་ ༡༤༢༤ ལོར་ཕྱག་བཏབ་ཅིང༌། གྲྭ་ཚང་གི་མཁན་ཐོག་དང་པོ་རྗེ་ཙོང་ཁ་པའི་ནང་གི་ཐུགས་སྲས་གཅིག་པུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་གནང་བ་ནས་བཟུང་ད་ལྟའི་མཁན་རབས་ ༨༦ བར་མཁན་ཐོག་རིམ་བྱོན་དང་། གཞན་ཡང་གྲྭ་ཚང་འདི་ནས་༸རྒྱལ་བའི་ཡོངས་འཛིན་དང་། མཚན་ཞབས། དགའ་ལྡན་ཁྲི་པ་དང་ཆོས་རྗེ། རྒྱུད་པའི་མཁན་པོ་དང་བླ་མ་དབུ་མཛད་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱོན་ཡོད། སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༢༥༠༠ ལྷག་ཙམ་ཡོད། ཕྱི་ལོ་ ༡༩༥༩ རྒྱ་དམར་གྱིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་ཐོག་མར་སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ་ལོ་༡༠རིང་ས་དགེ་བཀའ་རྙིང་རིས་མེད་ཀྱི་དགེ་འདུན་པ་ ༡༥༠༠ ཙམ་གྱིས་སློབ་གཉེར་གནང་། དེ་ནས་༸གོང་ས་ཡིད་བཞིན་ནོར་བུའི་རླབས་ཆེན་གྱི་དགོངས་གཞི་དང་དཔལ་ལྡན་རང་གཞུང་གི་བཀའ་འབྲེལ་བཞིན་ཕྱི་ལོ་ ༡༩༦༩ ལོར་དགེ་འདུན་པ་རྣམས་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གནས་སྤོ་ཆ་བགོས་གནང་སྟེ། གདན་ས་འདིའི་དགེ་འདུན་པ་རྣམས་མོན་གྷོ་གཞིས་ཆགས་སུ་གནས་སྤོས་ཏེ་སྐྱོབ་གསོའི་གུར་དུ་བཞུགས་ཡོད། སློབ་གཉེར་གཙོ་བོར་གནང་ཞིང་། ཞོར་དུ་འཚོ་ཐབས་ཀྱང་སྦག་ས་ལྟར་སྐྱོབ་གསོ་གཅིག་པུར་བརྟེན་མི་དགོས་པར། རང་ཁ་རང་གསོ་ཐུབ་ཆེད་ཉིན་མོའི་དུས་སུ་ས་ཞིང་འདེབས་ལས་དང་། སུད་ཚོང་། བཟོ་གྲྭ། ཞབས་བརྟན། ཕྱུག་གསོ་སོགས་ལས་ཀ་མང་བ་དང་། མཚན་མོ་ཆོས་ར་འཚོག་རྒྱུ་དང་། བློ་འཛིན་སྐྱོར་སྦྱང་དང་། དཔེ་བལྟ་སོགས་དཀའ་སྤྱད་དཔག་མེད་གནང་སྟེ། རིམ་བཞིན་སློབ་གཉེར་དང་། འཚོ་བ་སོགས་གང་ཐད་ནས་ལོ་རེ་བཞིན་ཡར་རྒྱས་ཕྱིན་ཏེ། དེང་སྐབས་སྔར་དང་མི་འདྲ་བར་དགེ་འདུན་ཡོངས་ཀྱི་འཚོ་བ་གྲྭ་ཚང་ནས་ནར་མར་གནང་བས། དགེ་འདུན་འདུས་མང་གིས་ཐོས་བསམ་སློབ་གཉེར་ཁོ་ནར་རྩེ་གཅིག་ཏུ་འབད་འབུངས་བྱེད་བཞིན་ཡོད། དེ་བཞིན་གྲྭ་ནང་ཁང་ཚན་བཅུ་གཅིག་ཡོད་དེ། རྡོ་ཁང༌དང་། ཕུ་ཁང༌། ཉག་རེ། ལྷོ་པ། ཟུང་ཆུ། ཅོ་ནེ། ཐེ་བོ། རྟ་དབོན། མངའ་རིས། སོག་པ། གུང་རུ་བཅས་ཡིན། ཚོགས་ཁང་ཆེན་མོའི་རྟེན་གཙོར་སྟོན་པ་ཐུབ་པའི་དབང་པོ་དང་གཡས་གཡོན་དུ་མཆོག་ཟུང་གཉིས་དང་། རྟེན་གཙོའི་གཡས་སུ་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ལ་གཡས་གཡོན་དུ་རྗེ་བཙུན་ཙོང་ཁ་པ་དང་མཉམ་མེད་ཇོ་བོ་རྗེ་རྣམ་གཉིས། དེ་གཡས་སུ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན་བཅས་དང་། རྟེན་གཙོའི་གཡོན་དུ་རིགས་གསུམ་མགོན་པོའི་སྐུ་བརྙན་དང་། སློབ་དཔོན་པདྨ་འབྱུང་གནས། རྗེ་བཙུན་མི་ལ་རས་པ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དཔལ་རྡོ་རྗེ་འཇིགས་བྱེ་ལྷ་བཅུ་གསུམ་གྱི་སྐུ་བརྙན་བཅས་བཞུགས་སུ་གསོལ་ཡོད། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་། བསྟན་འགྱུར་རིན་པོ་ཆེ་ཆ་ཚང་བཞུགས། ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་བཞུགས་ཡོད། གོང་གསལ་རྟེན་རྣམས་རྒྱུ་གསེར་ཟངས་ལས་གྲུབ་ཤ་སྟག་ཡིན། ཐོས་བསམ་སློབ་གཉེར་གི་ཡུན་ཚད་ནི། སྔོན་འགྲོ་ལོ་གཉིས། འཛིན་གྲྭ་དང་པོ་ནས་ལྔ་བ་བར་ལོ་ལྔ། དེ་རྗེས་མཚན་ཉིད་ཀྱི་གཞུང་ཐོག་མ་བསྡུས་གྲྭ་ལོ་བཞི། ཚད་མ་རྣམ་འགྲེལ་ལོ་གཅིགཕར་ཕྱིན་ལོ་ལྔ། དབུ་མ་ལོ་གསུམ། མཛོད་ལོ་གཉིས། འདུལ་བ་ལོ་གཉིས་བཅས་ལོ་བཅུ་བདུན་གྱི་རིང་གཞུང་ཆེན་ཁག་ལ་སློབ་གཉེར་དང་གྲྭ་ཚང་དུ་རྒྱུགས་འབུལ་ཞུས་རྗེས། སློབ་གཉེར་བ་དྲག་གྲས་རྣམས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ་ལོ་དྲུག་རྒྱུགས་འབུལ་ཞུས་ཏེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཀྱི་ཡོད། གཞན་རྣམས་གྲྭ་ཚང་དུ་དགེ་བཤེས་ཚོགས་རམས་དང་། ཆོས་ཁྲི། ཚོགས་གསོག་དགེ་བཤེས་ཀྱི་མཚན་གནས་འབུལ་གྱི་ཡོད། ཡང་རྒྱུད་དུ་སྔགས་ཀྱི་དམ་འཇོག་མ་བྱས་པའི་དགེ་བཤེས་ཀྱི་ཁོངས་ནས་རྒན་རིམ་བཞིན་ལོ་ལྟར་དབྱར་གནས་ཆེན་པོའི་སྐབས་དགེ་བཤེས་དབུ་མ་བཤད་རིང་ཞེས་སྔགས་ཀྱི་དམ་འཇོག་བྱ་དགོས། དགེ་བཤེས་དམ་འཇོག་ཟིན་རྗེས་མང་ཆེ་བ་རྒྱུད་གྲྭ་སྟོད་སྨད་གཉིས་སུ་སྔགས་ཕྱོགས་ལ་སློབ་གཉེར་གནང་ཆེད་ཕེབས་ཀྱི་ཡོད། དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས་མང་ཆེ་བ་གདན་ས་རང་དུ་སློབ་གཉེར་བ་བརྒྱ་ཕྲག་མང་པོར་ཆོས་འཆད་སྤེལ་མཛད་དེ་ཀློག་པ་ཐོས་བསམ་གྱི་སྒོ་ནས་བཤད་སྒྲུབ་ཀྱི་རྒྱལ་མཚན་འཛིན་པར་བྱེད། འགའ་ཞིག་གནས་དབེན་པ་བསྟེན་ཏེ་ཚེ་དང་སྒྲུབ་པ་མཉམ་པ་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་བརྩོན་པ་དང་། ལ་ལ་རང་གཞུང་དང། ཚོགས་སྡེ། བླ་སྤྱི་དང་གྲྭ་ཚང་བཅས་ཀྱི་སྲི་ཞུ་སྒྲུབ་པའི་བྱ་བ་ལས་ཀྱི་འཁོར་ལོ་བརྩོན་པར་མཛད། གཞན་ཡང་བོད་དང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་འཛམ་གླིང་ཡུལ་གྲུ་དུ་མར་ཆེད་ཕེབས་ཀྱིས་བསྟན་འགྲོའི་དོན་མཛད་མཁན་ཡང་མི་ཉུང་བ་ཞིག་ཡོད། རྒྱུན་དུ་ཆོ་ག་ཕྱག་བཞེས་ཀྱི་རིམ་པར། དཔྱིད་དབྱར་སྟོན་དགུན་བཅས་དུས་བཞིའི་ཆོས་ཐོག་ཆེ་ཁག་བཞི་དང་། བོད་ཟླ་དང་པོའི་ཚེས་༢༢ནས་རྗེའི་མཛད་ཆེན་བཞིའི་གྲས་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཆེན་མོར་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད་དང་སྦྱིན་སྲེག་བཅས་ལོ་ལྟར་ཉིན་བཞི་དང་། གྲྭ་ཚང་གི་དུས་འཁོར་ཆོག་གྲྭ་ནས་དུས་འཁོར་སྒྲུབ་མཆོད་ཉིན་བཞི། ཟླ་རེའི་བོད་ཚེས་༨ནམ་ཡིན་ལ་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཞབས་རིམ་དུ་སྒྲོལ་ཆོག་དང་གནས་བརྟན་ཕྱག་མཆོད། ཟླ་བསྐང་བཅས་དང་། བོད་ཟླ་དགུ་པའི་ནང་ལྷ་བབས་དུས་ཆེན་དང་སྟབས་བསྟུན་གྱིས་ལོ་ལྟར་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གསུམ། བོད་ཟླ་བཅུ་གཉིས་པའི་ནང་བྱམས་པའི་སྟོང་མཆོད་དང་ཡངས་ཅན་སྨོན་ལམ། ལོ་ལྟར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་སོགས་དང་། གཞན་ཡང་གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་བཅས་གཞི་གསུམ་གྱི་ཉམས་བཞེས་གནང་གི་ཡོད། ཕྱི་ལོ་༡༩༧༢ལོར་གྲྭ་ཚང་གི་སློབ་གྲྭ་དབུ་བཙུགས་པ་ནས་རིམ་གྱིས་ཡར་རྒྱས་སོང་སྟེ། དེང་སྐབས་སྔོན་འགྲོ་ནས་འཛིན་རིམ་༡༠བར་གྱི་སློབ་ཕྲུག་གྲངས་༦༠༠ལྷག་ཡོད། སློབ་གྲྭ་འདི་ཉིད་རྒྱ་གར་གྱི་འབྲིང་རིམ་སློབ་གྲྭའི་འོག་དེབ་སྐྱེལ་བྱས་ཏེ། སློབ་ཚན་ལ་གཞུང་ཆེན་མཚན་ཉིད་དང་། བོད་ཀྱི་སྙན་སུམ་རིག་གནས། རྒྱལ་རབས། ཆོས་འབྱུང་། ཨིན་ཇིའི་སྐད་ཡིག་དང་རྒྱ་སྐད། སྤྱི་ཚོགས་ཚན་རིགཨང་རྩིས། ཚན་རིག་སོགས་སློབ་ཁྲིད་ཐོག་ཟླ་གསུམ། ཟླ་དྲུག ལོ་འཁོར་རྒྱུགས་སྤྲོད་བཅས་ཡོད། ལས་བྱེད་ཀྱི་རིམ་པ། གྲྭ་ཚང་གི་དབུ་བཞུགས་སྐྱབས་གནས་མཁན་རིན་པོ་ཆེ་དང་། ཁྲིམས་བདག་དགེ་བསྐོས། དབུ་མཛད་ཆེན་མོ་བཅས་དབུ་ཆོས་རྣམ་གསུམ་དང་། དགེ་བཤེས་ཆེན་མོ་བ། ཕྱག་མཛོད་ཉག་རོང་སྡེ་པས་གཙོས་སྡེ་ཚན་སོ་སོའི་འགན་འཛིན་དང་ལས་བྱེད་བརྒྱ་ལྷག་ཡོད།། །།
Gaden Shartse Monastery University, P.O. Tibetan Colony, Mundgod, Karwar,
Karnataka, 581411

༄༅། །བཙུན་དགོན་བྱང་ཆུབ་ཆོས་གླིང་ནི། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་གསུམ་པའི་ནང་ཡོད། བཙུན་དགོན་འདི་ཉིད་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་ ༡༩༨༤ ལོར་མོན་གྷོ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་སྐབས་དམིགས་བསལ་བཀའ་སློབ་ཕེབས་དགོངས་བཞིན། ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ དྲུག་པ་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་ཉིན་ལེགས་པར་གྲུབ་ནས་དངོས་གཞིའི་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་ཀྱིས་དབུ་འབྱེད་དང་རབ་གནས་གནང་ཞིང་། བྱང་ཆུབ་ཆོས་གླིང་ཞེས་མཚན་བསྩལ་བར་མཛད་ནས་གསར་ཞུགས་བཙུན་མ་གྲངས་བཅུ་དགུའི་གཙུག་ཕུད་བྲེགས་ཏེ་བཀའ་དྲིན་བསྐྱངས། ཕྱི་ལོ་༢༠༠༣ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་ཞུས་ཏེ། འདུ་ཁང་རྙིང་པ་བཤིགས་ནས་གསར་པ་རྒྱག་དགོས་ཚུལ་བཀའ་ཕེབས་པ་ལྟར་འདུ་ཁང་གསར་རྒྱག་གི་ལས་གྲྭ་བཙུགས་ཏེ་འདུ་ཁང་ཐོག་བརྩེགས་བཞི་ཅན་རྟེན་དང་བརྟེན་པ་ལེགས་གྲུབ་ཀྱིས་ཕྱི་ལོ་༢༠༠༧ལོར་༸མགོན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་དང་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ། བཙུན་དགོན་འདིའི་ནང་སྐུ་རྟེན་གཙོ་བོ་སྟོན་པ་ཐུབ་པའི་དབང་པོ་དང་། སྒྲོལ་མ་ཉེར་གཅིགའཕགས་པ་སྤྱན་རས་གཟིགས། ༸རྒྱལ་བ་ཙོང་ཁ་པ། དཔལ་ལྡན་ལྷ་མོ་སོགས་དང་། གསུང་རྟེན་ལ་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་རིན་པོ་ཆེ་སོགས་མཇལ་རྒྱུ་ཡོད། ཕྱི་ལོ་ ༡༩༨༩ ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་འགོ་བཙུགས་ཤིང་། ད་ལྟའི་ཆར་བསྡུས་གྲྭ་འཛིན་གྲྭ་ནས་འདུལ་བ་འཛིན་གྲྭའི་བར་འཛིན་གྲྭ་བཅོ་བརྒྱད་དང་། དགེ་བཤེས་མའི་དམ་འཇོག་རྗེས་གསང་སྔགས་ལ་ལོ་གསུམ་ཐོས་བསམ་གནང་གི་ཡོད། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བསླབ་གཞི་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་ཡིན་ཞིང་། དེ་མིན་བོད་ཀྱི་རིག་གནས་དང་། རྒྱའི་སྐད་ཡིག ཨིན་ཇི། ཚན་རིག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད། ད་ལྟ་བཙུན་མའི་ཞལ་གྲངས་ ༢༨༠ ཡོད་པ་ལས་དགེ་བཤེས་མའི་རྒྱུགས་སྤྲོད་ཐོན་པ་ཞལ་གྲངས་༢༢དང་། དགེ་བཤེས་མའི་རྒྱུགས་སྤྲོད་ཕེབས་བཞིན་པ་ཞལ་གྲངས་༣༢ཡོད།། །།
Jangchub Choeling Nunnery, Camp No.3 P.O. Tibetan Colony Mundgod, Distt. Karwar
Karnataka, 581411