icon

གནས་སྐོར།

  • རྟེན་བཤད།
  • ཆོས་སྡེ།
  • དུས་ཆེན།
  • གནས་བཤད།
  • འབྲེལ་གཏུག
Department of Religion and Culture, Central Tibetan Administration
    གཙོ་ངོས།ཆོས་སྡེ།རྙིང་མ།
    ལྷོ་བྲག་ཐིག་ཕྱི་དགོན།

    ལྷོ་བྲག་ཐིག་ཕྱི་དགོན།

    MONASTERY

    ༄༅། །ལྷོ་བྲག་ཐིག་ཕྱི་དགོན་བོད་དུ་ཕྱག་འདེབས་པ་པོ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཡིན། བཙན་བྱོལ་དུ་ཐིག་ཕྱི་དགོན་པའི་གྲྭ་རྒྱུན་བློ་བཟང་ཆོས་གྲགས་གཙོས་པའི་མི་བརྒྱད་ཀྱིས་ལས་འགན་གཙོ་བོ་ཁུར་ཏེ། ལྷོ་བྲག་མི་མང་རྣམས་དང་མཉམ་རུབ་ཀྱིས་ཕྱི་ལོ་ ༡༩༩༠ ཟླ་༨ ཚེས་ ༢༩ ཉིན་སྡེ་ར་སྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་གསར་བཞེངས་གནང་། ལྷ་ཁང་ནང་གི་སྐུ་རྟེན་གཙོ་བོ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་དང་། སྤྱན་རས་གཟིགས། གུ་རུ་རིན་པོ་ཆེ། དེ་བཞིན་རྒྱུ་འཇིམ་པ་ལས་གྲུབ་པའི་འོད་དཔག་མེད་གཙོ་འཁོར་གསུམ། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་སྐུ་འདྲ་གཅིག་དང་། གཞན་སྒྲོལ་མ་སོགས་ཀྱི་སྐུ་རྟེན་ཆུང་ངུའི་རིགས་ཀྱང་བཞུགས་སུ་གསོལ་ཡོད། ལོ་འཁོར་དུས་མཆོད་ཁག་ནི། ཆོ་འཕྲུལ་ཟླ་བར་སྨྱུང་གནས་ཆ་གཉིས་རེ་དང་། བདེ་ཆེན་ཞིང་སྒྲུབ་ཆ་གཉིས། ཟླ་བ་དེའི་ཚེས་ ༢༥ ལ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་འདས་མཆོད། བོད་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་དགུ་གཏོར་ཕུར་བཟློག་ཉིན་གསུམ། སྤྱིར་ཟླ་རེའི་ཡར་ངོའི་ཚེས་བཅུའི་ཚོགས་འཁོར་ཆག་མེད་དང་། དུས་རྒྱུན་དུ་སྲུང་མའི་འཕྲིན་བཅོལ་ཆག་མེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་། བོད་བསྟན་སྲིད་ཀྱི་ཞབས་རིམ། དེ་བཞིན་ནམ་རྒྱུན་སྨིན་གྲོལ་གླིང་གི་བླ་གྲྭ་བཅུ་སྐོར་ཞིག་རྒྱུན་བཞུགས་ཀྱིས་ས་གནས་འདིའི་གཞིས་ཆགས་མི་མང་གི་གསོན་པོའི་རིམ་གྲོ་དང་། གཤིན་པོའི་གནས་འདྲེན་སོགས་ཞབས་ཞུ་ཚད་ལྡན་སྒྲུབ་བཞིན་ཡོད་ལ། ད་ལྟའི་ཆར་སྨིན་གྲོལ་གླིང་དགོན་པ་ནས་གཟིགས་རྟོག་གནང་བཞིན་ཡོད།། །།

    Lhodrak Thikchi Monastery, P.O. Kulhan, Sahastradhara Road Distt. Dehradun

    Uttarakhand, 248001

    སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་།

    སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་།

    MONASTERY

    ༄༅། །གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དགོན་པ་ནི། རབ་བྱུང་བཅུ་གཉིས་པའི་ས་འབྲུག་ལོ་ཕྱི་ལོ་ ༡༦༨༨ ལོར་མངའ་བདག་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་ཕྱག་བཏབ། ༼རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་ལོར་ཕྱག་བཏབ་ཟེར་བ་ཞིག་ཀྱང་འདུག༽ རིམ་བཞིན་རབ་བཀྲམ་བྱམས་པ་གླིང་། སྟག་རྩེ་བསམ་འགྲུབ་གླིང་དགོན་ལག་ཏུ་གྱུར། སྤྱིར་གཞི་ཆེན་དགོན་མ་ལག་དང་བཅས་དགོན་པ་ཉི་ཤུ་ལྷག་ཡོད། ང་དགུའི་དུས་འགྱུར་གྱི་རྐྱེན་པས་བོད་གངས་ཅན་ལྗོངས་ཀྱི་ཆོས་དཔལ་སྲིད་གསུམ་ལ་གཏོར་བརླག་ཚབས་ཆེན་བྱུང་བ་ཡོངས་གྲགས་ལྟར། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དགོན་པ་ལ་མཚོན་ན་ཡང་དེ་དུས་དགོན་མ་ལག་དང་བཅས་པར་གཏོར་སྐྱོན་བཏང་ཡོད། བཙན་བྱོལ་ལ་འབྱོར་རྗེས་༸སྐྱབས་རྗེ་གཞི་ཆེན་བཻ་རོ་རིན་པོ་ཆེ་པདྨ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཐུགས་ཀྱི་དགོངས་པས་མ་བཟོད་པར་བསྟན་པ་སླར་གསོའི་ཆེད་དུ་ཕྱི་ལོ་ ༡༩༨༤ ལོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་ཏིན་ཅུ་ལི་ཞེས་པའི་ས་གནས་སུ་དགོན་གཞི་ཐོག་མར་གསར་འཛུགས་གནང་འགོ་བཙུགས་ནས་ཕྱི་ལོ་ ༢༠༠༠ ལོར་དགེ་འདུན་པ་སྟོང་ཕྲག་ལྷག་ཤོང་བའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ། ད་ལྟའི་ཆར་༸སྐྱབས་རྗེ་ཞིང་གཤེགས་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། གཞི་ཆེན་བཻ་རོ་རིན་པོ་ཆེ་པདྨ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་བཀོད་དང་༸རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་མཁན་པོ་དཔལ་ལྡན་ཆོས་གྲགས་ཀྱིས་འགན་བཞེས་ཐོག དགོན་པ་འདི་ལ་བོད་དང་བལ་པོ་རྒྱ་གར་འབྲུག་བཅས་ནས་བཤད་གྲྭ་དང་སློབ་གྲྭ་གཉིས་ལ་དགེ་འདུན་པ་གྲངས་ ༡༨༦ གིས་སློབ་སྦྱོང་གནང་མུས་སུ་མཆིས་སོ།། །།

    Kathok Zhichen Vairocana Ling, Boudha Tinchuli Chowk,

    Kathmandu, P.O. Box 6727

    རྟ་སྒ་པདྨ་ཆོས་གླིང་།

    རྟ་སྒ་པདྨ་ཆོས་གླིང་།

    MONASTERY

    ༄༅། །རྟ་སྒ་པདྨ་ཆོས་གླིང་ནི། ཚལ་པ་བཀའ་བརྒྱུད་པའི་བསྟན་པའི་གསལ་བྱེད་ཞང་འགྲོ་བའི་མགོན་པོའི་སློབ་མ་སངས་རྒྱས་ཚལ་གྱིས་ཕྱི་ལོ་ ༡༡༩༥ ལོར་མངའ་རིས་གུང་ཐང་གི་བྲག་སྐྱ་རྡོ་རྗེ་རྫོང་ཁོངས་སུ་ཕྱག་བཏབ། དགོན་གནས་བཞེངས་ས་དེར་རྡོ་ལ་རྟའི་སྒ་རང་བྱོན་ཞིག་ཡོད་པས་རྟ་སྒ་དགོན་ཞེས་གྲགས། སློབ་གཉེར་བྱེད་པའི་བསྟི་གནས་ཤིག་ཏུ་གྱུར་ཏེ་དོལ་པོ་དང་གློ་སྨོན་ཐང་། གཉེ་ཤང་དང་རྣར་ཕུག ནུབ་རི་དང་བཙུམ་བཅས་ནས་སློབ་གཉེར་པ་མང་པོ་ཕེབས་ནས་ཚལ་པའི་ཆོས་ལུགས་ཤིན་ཏུ་དར་ཞིང་རྒྱས་པ་མ་ཟད། ཕ་རྟ་སྒ་དགོན་དང་། མ་མ་ཎི་སྒང་། བུ་སྣང་སེལ་དགོན་བཅས་མ་བུ་དགོན་གསུམ་པོའི་མཚན་སྙན་ཡང་མངའ་རིས་དང་ཧི་མཱ་ལ་ཡའི་ཕྱོགས་ཀུན་ལ་ཁྱབ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ཆོས་བརྒྱུད་བཀའ་རྙིང་དུ་གྱུར། བལ་ཡུལ་གྱི་རྒྱལ་ཕྲན་ཞིག་གི་རྒྱལ་པོ་ཨ་དི་ཏི་མཱ་ལ་ཞེས་པ་དེ་ཉིད་དགོན་པ་འདི་དང་མཆོད་ཡོན་གྱུར་ནས་ཕྱི་ལོ་ ༡༣༢༤ ལོར་དགོན་པ་དང་རྒྱལ་པོའི་དབར་ཆིངས་ཡིག་བོད་བལ་གཉིས་ཀྱི་སྐད་ཡིག་ཐོག་བཞག་པ་དེང་གི་དུས་སུའང་མཇལ་རྒྱུ་ཡོད། དུས་འགྱུར་རྗེས་རྟ་སྒ་དགོན་པའི་ལྷ་འབངས་མང་པོ་བལ་ཡུལ་ས་མཚམས་སུ་བཙན་བྱོལ་ལ་ཡོང་སྟེ། གྲོང་ཚོའི་མི་རྣམས་ཀྱིས་རྟ་སྒ་དགོན་པའི་མཆོད་རྫས་མང་པོ་གདན་འདྲེན་ཞུས་ཐུབ་པ་བྱུང་བས། བལ་ཡུལ་ས་མཚམས་སུ་བསམ་མདོ་ཞེས་པའི་ཡུལ་དེར་རྡོ་ཞིག་ལ་རྟ་སྒ་རང་བྱོན་ཡོད་པ་དེར་སླར་ཡང་དགོན་ཆུང་ཞིག་གསར་བཞེངས་ཞུས་ཏེ་མཆོད་རྫས་རྣམས་དགོན་པར་ཕུལ། ཕྱི་ལོ་ ༡༩༦༣ ལོར་བལ་ཡུལ་གཞུང་ལ་དགོན་པ་དེབ་སྐྱེལ་ཞུས་ཏེ་ཧ་མ་ལི་དགོན་པ་ཞེས་གྲགས། ཕྱིས་སུ་ཆོས་བརྒྱུད་རྙིང་མར་གྱུར་ཏེ་དགོན་པའི་མཚན་ལ་ཡང་རྟ་སྒ་པདྨ་ཆོས་གླིང་ཞེས་འབོད། བོད་དུ་ཡོད་པའི་རྟ་སྒ་དགོན་ནས་ཐུབ་པའི་སྐུ་གདན་འདྲེན་ཞུས་པ་དང་། གཞན་ཡང་གསེར་ཟངས་ལས་གྲུབ་པའི་ཁྲུ་གསུམ་ཅན་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྨན་བླ་སྐུ་བརྙན་གསུམ། གསེར་ཟངས་ལས་གྲུབ་པའི་གུ་རུ་པདྨ་འོད་འབར་སྐུ་བརྙན་གཅིག བླ་མ་ཞང་འགྲོ་བའི་མགོན་པོའམ་དགེ་སློང་བརྩོན་འགྲུས་གྲགས་པ་དེ་ཉིད་ཐུབ་དམར་གཟུངས་གཞུག་གནང་བའི་བླ་སྐུ་གཅིག། དེ་བཞིན་བཀའ་བརྒྱུད་བླ་མ་རྣམས་ཀྱི་བླ་སྐུ་དང་། བཀའ་གདམས་མཆོད་རྟེན་ཚད་གཞི་མི་གཟུགས་མ་གཅིག། གཞན་ཡང་སྐུ་འདྲ་ཆུང་བ་མང་དག་ཅིག་ཡོད་ཅིང་། ཁྱད་པར་དུ་བོད་ཀྱི་མ་དགོན་རྟ་སྒ་ནས་ཡིན་པའི་གཏེར་དུ་བཞེངས་པའི་ཡུམ་ཆ་གཅིག་དང་རྒྱལ་བའི་བཀའ་འགྱུར་ལག་བྲིས་ཆ་ཚང་བ་དང་། གཞན་ཡང་བཀའ་འགྱུར་ཆ་ཚང་བ་བཅས་སྔར་བོད་ནས་གདན་འདྲེན་ཞུས་པ་ཤ་སྟག་ཡོད། དེ་བཞིན་བོད་དགོན་ནས་གདན་འདྲེན་པའི་ཆོས་དུང་ཆ་གཅིག རྒྱ་གླིང་། ཟངས་དུང་བཅས་དངོས་རྙིང་རིགས་མང་དག་ཅིག་ཡོད། བྱེས་སུ་འབྱོར་ནས་བཟུང་བླ་མ་རྒྱ་མཚོ་དང་། བླ་མ་ཆོས་འཕེལ། བླ་མ་ཨོ་རྒྱན་རྡོ་རྗེ་བཅས་བླ་རབས་གསུམ་བྱོན་པ་དེ་རྣམས་ཀྱིས་དགོན་པའི་དབུ་བླ་མཛད་ནས་བདག་སྐྱོང་གནང་བཞིན་པ་ཡིན། དགོན་པ་འདི་ནི་སྔགས་པ་གྲྭ་ཚང་ཞིག་ཡིན་ཞིང་གཏན་དུ་དགོན་པར་གནས་སྡོད་བྱེད་མཁན་མེད། དགོན་དེར་སྔགས་པ་རྣམས་འཇོམས་ཏེ་སྔར་བོད་དུ་ཡོད་པའི་དུས་ཀྱི་མཆོད་པ་རྣམས་མ་ཆད་པར་མུ་མཐུད་བྱེད་བཞིན་ཡོད། ད་ལྟའི་ཆར་སྔགས་པ་ཞལ་གྲངས་ ༡༥ དང་། སྔགས་མ་ ༣ ཡོད།། །།

    Taga Padma Choeling, Tashiling Camp, Near Devis Fall, Kaski

    Pokhara, 33700

    དཔལ་ཡུལ་ཆོས་འཁོར་གླིང་།

    དཔལ་ཡུལ་ཆོས་འཁོར་གླིང་།

    MONASTERY

    ༄༅། །དཔལ་ཡུལ་ཆོས་འཁོར་གླིང་ནི། ཐོག་མར་རི་མགོ་དགོན་པ་དང་རཏྣ་དགོན་པ་ཞེས་གཉིས་ཡོད་ཅིང་། རི་མགོ་དགོན་པ་ནི། ༸རྒྱལ་བ་མདོ་ཁམས་པ་ཆེན་པོ་སྐུ་ཕྲེང་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སློབ་མ་སངས་རྒྱས་བཀྲ་ཤིས་ཀྱིས་ཕྱག་བཏབ་ཅིང་། རཏྣ་དགོན་པ་ནི། ༸རྒྱལ་བ་དཔལ་ཡུལ་བའི་གདན་སའི་ཁྲི་འཛིན་དང་པོ་རིག་འཛིན་ཀུན་བཟང་ཤེས་རབ་མཆོག་གི་ཐུགས་སྲས་རཏྣ་ཤེས་རབ་ཆོས་དབང་གིས་ཕྱི་ལོ་ ༡༦༦༨ ལོར་ཁམས་སྡེ་དགེའི་ཁུལ་དུ་རི་དགོན་བཤད་སྒྲུབ་མདོ་སྔགས་ཆོས་གླིང་ཕྱག་བཏབ། རྗེས་སུ་དགོན་ཆུང་གཉིས་ཐུགས་མཐུན་དམ་གཙང་གིས་ལྷན་གཅིག་ཏུ་འཚོགས་ཏེ་དགོན་མིང་ལ་རི་མགོ་དགོན་ཞེས་མཚན་ཆགས་ཏེ་གྲྭ་སྐོར་དཔལ་ཡུལ་དུ་ཕེབས་སྲོལ་ཡོད། རྒྱལ་བ་དཔལ་ཡུལ་བའི་རིང་ལུགས་ཕྱག་བཞེས་གནང་གི་ཡོད། རྒྱ་གར་དུ་རི་མགོ་སྤྲུལ་སྐུ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༠ལོར་རྒྱ་གར་བྱང་ཕྱོགས་སྦིར་བོད་མིའི་གཞིས་ཁོངས་སུ་དགོན་པ་གསར་བཞེངས་གནང་སྟེ། རྟེན་གཙོ་སྨན་འཇིམ་ལས་གྲུབ་པའི་སྟོན་པ་བཅོམ་ལྡན་འདས་དང་། གུ་རུ་པདྨ་འབྱུང་གནས། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སྣང་བརྙན། རྡོ་རྗེ་སེམས་དཔའ་དང་སྒྲོལ་མའི་སྐུ་བརྙན། གནས་བརྟན་བཅུ་དྲུག རྒྱལ་བ་ཞི་ཁྲོའི་ལྷ་ཚོགས། སྟོན་པའི་སྐྱེས་རབས་སོགས་བྲིས་ཐང་སྣ་ཚོགས་དང་། གསུང་རྟེན་གཙོ་བོ་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ། སྔ་འགྱུར་བཀའ་མ་དང་རིན་ཆེན་གཏེར་མཛད་སོགས་དང་། ཐུགས་རྟེན་བདེ་བར་གཤེགས་པའི་རིང་བསྲེལ་གྱིས་བཀང་བའི་མཆོད་རྟེན་སོགས་རྟེན་དང་བརྟེན་པ་ལེགས་གྲུབ་ཀྱི་དབུ་འབྱེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་འཁོད་ཀྱིས་ཐུགས་སྨོན་བཀའ་དྲིན་བསྐྱངས། སྔ་འགྱུར་མཐོ་སློབ་ཆེན་མོ་གསར་འཛུགས་དང་། སློབ་གྲྭ་རིག་གནས་ཀུན་འབྱུང་གླིང་། སྒྲུབ་སྡེ་འོད་གསལ་གླིང་།མཚོ་པདྨའི་སྒྲུབ་སྡེ་དང་ཟངས་མདོག་དཔལ་རི་སོགས་ལེགས་པར་གྲུབ།དེང་སྐབས་རྒྱ་བལ་འབྲུག་གསུམ་གྱི་དགེ་འདུན་པ་ ༢༦༥ ལྷག་གིས་མདོ་སྔགས་ཀྱི་གཞུང་ཆེན་དང་ཐ་སྙད་རིག་གནས་བཅས་པར་འཆད་ཉན་སློབ་གཉེར་དང་།དུས་མཆོད་དང་སྒྲུབ་མཆོད་ཁག་ཉམས་མེད་སྐྱོང་བཞིན་པ་མ་ཟད།བསླབ་པ་མཐར་སོན་ལ་མཁན་པོ་དང་སློབ་དཔོན་གྱི་མཚན་གནས་ཕྱག་འཁྱེར་གནང་སྲོལ་ཡོད། མཁན་པོ་དྲུག་དང་། སློབ་དཔོན་སུམ་ཅུ་སོ་གཉིས་ཙམ་ཐོན་ཟིན་པ་རྣམས་ཀྱིས་རྒྱ་གར་དང་། འབྲུག བལ་ཡུལ། འབྲས་ལྗོངས་སོགས་སུ་དགེ་རྒན་གནང་ཡོད།།།།

    Palyul Chokhor Ling, P.O. Bir Distt. Kangra,

    Himachal Pradesh, 176077

    སྤ་གྲོའི་ཞེ་ཆེན་སྒྲུབ་སྡེ་ཐེག་མཆོག་ཆོས་ཀྱི་དགའ་ཚལ།

    སྤ་གྲོའི་ཞེ་ཆེན་སྒྲུབ་སྡེ་ཐེག་མཆོག་ཆོས་ཀྱི་དགའ་ཚལ།

    MONASTERY

    ༄༅། །སྤ་གྲོའི་ཞེ་ཆེན་སྒྲུབ་སྡེ་ཐེག་མཆོག་ཆོས་ཀྱི་དགའ་ཚལ་ནི། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ལག་ཡིན། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་དགོངས་བཞིན། ཞེ་ཆེན་རབ་འབྱམས་རིན་པོ་ཆེས་ཐུགས་འགན་བཞེས་ཏེ་ཕྱི་ལོ་ ༡༩༩༡ ལོར་འབྲུག་ཡུལ་སྤ་གྲོ་རུ་གཙུག་ལག་ཁང་དང་། སྒྲུབ་ཁང་། བླ་བྲང་། དཔེ་མཛོད། སྐུ་གདུང་བྱང་ཆུབ་མཆོད་རྟེན་བཅས་གསར་བཞེངས་གནང་། གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་༸སྐྱབས་རྗེ་དིལ་མགོན་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་དང་འདྲ་སྐུ། གཉགས་ལུགས་ཕུར་པའི་སྐུ་བརྙན་བཅས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས། སྒྲུབ་གྲྭ་པ་རྣམས་ཀྱིས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་གཏེར་ཆོས་ཁག་དང་། ལྕེ་བཙུན་སྙིང་ཐིག་སོགས་ཀྱི་དབང་ལུང་ཁྲིད་གསུམ་གཙོ་བོར་ཉམས་མེད་རྒྱུན་འཛིན་བྱེད་མུས་ཡིན།། །།

    Shechen Drubdey Tekchok Choekyi Gatsal of Paro, paro

    Paro, 12001

    ནམ་མཁའ་ཁྱུང་རྫོང་དགོན།

    ནམ་མཁའ་ཁྱུང་རྫོང་དགོན།

    MONASTERY

    ༄༅། །ནམ་མཁའ་ཁྱུང་རྫོང་དགོན་ནི། སྟོད་མངའ་རིས་རྨ་བྱ་གཙང་པོའི་ཆུ་འགོ་རུ་ཆགས་ཤིང་གྲུབ་དབང་པདྨ་བདེ་ཆེན་རྒྱལ་པོ་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པས་༸བདུད་འཇོམས་ཟབ་གཏེར་ཁྲོས་མ་གཙོ་བོར་གྱུར་པའི་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བའི་དུས་སུ་བྱ་བཏང་རྣལ་འབྱོར་བ་སོགས་དོན་གཉེར་ཆེ་བའི་སློབ་ཚོགས་སྟོང་ཕྲག་འདུས་ཤིང་སྔ་འགྱུར་རྙིང་མའི་གྲུབ་མཐའ་འཛིན་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཕྱག་བཏབ། རྒྱ་གར་དུ་དགོན་འདིའི་གྲྭ་བཙུན་ ༣༠༠ ཙམ་བྱེས་འབྱོར་སྐབས་༸གྲུབ་དབང་བདེ་རྒྱལ་རིན་པོ་ཆེའི་སྐུ་དམར་གདུང་ཉམས་ཆགས་མེད་པར་གདན་ཞུ་བྱས་ཏེ། ཐོག་མར་རྒྱ་གར་སན་དེའུ་རུ་ལོ་ཤས་བཞུགས། ཕྱི་ལོ་ ༡༩༦༥ ལོར་བདེ་རྒྱལ་སྐུ་ཕྲེང་གཉིས་པ་པདྨ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་དང་བླ་ཚབ་ཨ་བོ་རིན་པོ་ཆེ་དབུས་བླ་སྤྲུལ་གྲྭ་ཚང་དང་མི་མང་ཐུན་མོང་ནས་ཨོ་རི་ས་ཕུན་ཚོགས་གླིང་དུ་དགོན་པ་བཞེངས་པ་དང་བསྟན་པ་སླར་གསོ་བྱུང་། སླར་ཡང་བདེ་རྒྱལ་སྐུ་ཕྲེང་གསུམ་པ་མི་འགྱུར་བདེ་ཆེན་གྲུབ་པའི་རྡོ་རྗེ་དང་དགྱེས་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་འགན་བཞེས་ནས་དགོན་པ་གསར་བཞེངས་གྲུབ་པ་དང་དགེ་བཙུན་ཞལ་གྲངས་ ༥༧ ཐོས་བསམ་གནང་བཞིན་ཡོད།། །།

    Namkha Khyunzong Monastery, Phuntsokling Tibetan Colony, Camp No. 5, Group # 6, P.O. Mahendragada, Distt. Gajapati

    Odisha, 761034

    པདྨ་ཆོས་གླིང་།

    པདྨ་ཆོས་གླིང་།

    MONASTERY

    ༄༅། །པདྨ་ཆོས་གླིང་ནི། མེའོ་ཆོས་འཕེལ་གླིང་གཞིས་ཁོངས་སུ་ཕྱི་ལོ་ ༡༩༧༦ ལོར་གསར་བཞེངས་གནང་ཞིང་།བླ་མ་པ་སངས་མཆོག་དང་ཁོང་གི་གདུང་སྲས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་དཔལ་ལྡན་ཆོས་རིག་ལས་ཁུངས་སུ་འབོད་སྐུལ་ཞུས་པ་ལྟར། གཡག་རྒྱས་སྤྲུལ་སྐུ་བསྟན་འཛིན་ཆོས་ཉིད་རང་གྲོལ་མཆོག་ཕྱི་ལོ་ ༡༩༨༧ལོར་བསྐོ་གཞག་གནང་། སྔགས་པ་ཕོ་མོ་གྲངས་ ༣༠ ལྷག་ཡོད། སྐུ་རྟེན་གཙོ་བོ་རག་གསེར་ལས་གྲུབ་པའི་སྟོན་པའི་སྐུ་དང་། གུ་རུའི་སྐུ། སྨན་འཇིམ་ལས་གྲུབ་པའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ། རག་གསེར་ལས་གྲུབ་པའི་སྒྲོལ་མའི་སྐུ། གསུང་རྟེན་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན་བཅས་བཞུགས་ཡོད། ཟླ་རེའི་ཚེས་བཅུ་དང་། བཅོ་ལྔ། ཉེར་ལྔ་དང་ལོ་རེའི་དུས་རིམ། ཉང་རལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆོས། བོད་བསྟན་སྲིད་སྤྱིའི་རིམ་གྲོ། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་དབུས་བོད་མིའི་སྒྲིག་འཛུགས་ནས་གནང་བའི་ཞབས་བརྟན་རིགས་བཅས་ཆད་མེད་སྒྲུབ་མུས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་༸གཡག་རྒྱལ་སྤྲུལ་སྐུ་བསྟན་འཛིན་ཆོས་ཉིད་རང་གྲོལ་མཆོག་སྤྲུལ་སྐུར་ངོས་འཛིན་གནང་། དགོན་པ་འདི་སྨིན་གླིང་གཏེར་ཆོས་ཁག་ལ་ཉམས་ལེན་གཙོར་བཞེས་གནང་གི་ཡོད།ད་ལྟའི་ཆར་གྲྭ་པ་༢དང་། སྔགས་པ་ ༡༤། སྔགས་མ་ ༡༠ བཞུགས་ཡོད།།།།

    Padma Choeling, P.O. Miao, Distt. Changlang,

    Arunachal Pradesh, 792122

    སྤང་སྒང་རི་ཁྲོད་བསམ་གཏན་ཆོས་གླིང་།

    སྤང་སྒང་རི་ཁྲོད་བསམ་གཏན་ཆོས་གླིང་།

    MONASTERY

    ༄༅། །སྤང་སྒང་རི་ཁྲོད་བསམ་གཏན་ཆོས་གླིང་ནི། རྒྱ་གར་ཧི་མཱ་ཅལ་ཀུ་ལུ་རྫོང་ཁོངས་སུ་གནས་པའི་དབེན་རི་འདིར་༸སྐྱབས་རྗེ་རྨེ་བ་མཁན་ཆེན་ཐུབ་བསྟན་འོད་ཟེར་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༦༥ ལོར་ཕྱག་བཏབ། རིམ་བཞིན་ཇེ་རྒྱས་སུ་སོང་ནས་ད་ལྟའི་ཆར་འདུ་ཁང་གསར་རྙིང་གཉིས་ཀྱི་ནང་སྐུ་རྟེན་གཙོ་བོ་ཐུབ་དབང་གཙོ་འཁོར་གསུམ་དང་། མཁན་སློབ་ཆོས་གསུམ། སངས་རྒྱས་བྱང་སེམས་ཀྱི་སྐུ། གསུང་རྟེན་དུ་བཀའ་བསྟན་འགྱུར་དང་བཀའ་གཏེར། གསུང་འབུམ་སྣེ་མང་། མ་ཎི་དུང་འཁོར། ཐུགས་རྟེན་དུ་མཁན་ཆེན་བདེ་བར་གཤེགས་པའི་སྐུ་གདུང་མཆོད་རྟེན། དེ་བཞིན་རི་ཁྲོད་ཀྱི་ཁོར་ཡུག་ཏུ་མཁན་ཆེན་དམ་པའི་སྐུ་གདུང་མཆོད་རྟེན་མཐོང་བ་རང་གྲོལ་གཙོས་མཆོད་རྟེན་གསུམ་བཅས་བཞུགས། ཕྱི་ལོ་ ༡༩༦༥ ལོ་ནས་བསྟན་པའི་རྩ་བ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དབུ་བཙུགས་ནས་རྒྱུན་མ་ཆད་པར་འཚོགས་ཀྱི་ཡོད། དེ་མཚུངས་ཟླ་ ༡ ཚེས་ ༡ ནས་ ༡༥ བར། ཟླ་༤ཚེས་ ༡༥། ཟླ་༦ ཚེས་ ༤། ཟླ་༩ཚེས་ ༢༢ བཅས་ལ་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་དྲན་དུས་མཆོད་ཁག་དང་། ཡར་ངོ་མར་ངོའི་ཚེས་བཅུ། ཀུན་མཁྱེན་ཡབ་སྲས་གསུམ་གྱི་འདས་མཆོད། ཕུར་པའི་སྒྲུབ་མཆོད། ཟླ་ ༡༢ པའི་དགུ་གཏོར་བཅས་ཁྱོན་བསྡོམས་དུས་མཆོད་ཉིན་ ༡༠༨ ལོ་ལྟར་འཚོགས་བཞིན་པ་ཡིན། ཕྱི་ལོ་ ༢༠༡༢ལོར་ཆེས་མཐོའི་རྒྱུན་ལས་དབུ་འཛིན་མཁན་པོ་བསམ་གཏན་ཚེ་རིང་མཆོག་ནས་མ་འོངས་བསྟན་པའི་སོན་རྩ་རུ་དམིགས་ནས་སློབ་གྲྭ་དངོས་གྲུབ་ཆོས་གླིང་གསར་བཞེངས་དབུ་བཙུགས་ཏེ། ཕྱི་ལོ་ ༢༠༡༧ལོར་དབུ་འབྱེད་གནང་ནས་ད་སྐབས་སློབ་ཕྲུག་༤༠ཙམ་ནས་འབྲི་ཀློག་དང་འདོན་ཆོས་སྤྱོད། སུམ་རྟགས་དག་གསུམ་དང་བློ་སྦྱོང་གི་གཞུང་རྣམས་ལ་སློབ་གཉེར་གནང་བཞིན་པ་ཡིན། ད་ལྟའི་ཆར་རི་ཁྲོད་འདིར་གཏན་བཞུགས་གནང་བཞིན་པའི་དགེ་འདུན་ཞལ་གྲངས་ ༧༠ དང་། བཙུན་མའི་ཞལ་གྲངས་ ༦༢ བཅས་ཁྱོན་བསྡོམས་གྲྭ་བཙུན་ ༡༣༢ ཡོད། ད་སྐབས་ཡང་སྲིད་འཇིགས་མེད་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་བཞུགས་མུས་དང་ཆེས་མཐོའི་རྒྱུན་ལས་ནས་འཛིན་སྐྱོང་གནང་བཞིན་ཡོད།། །།

    Pang Gang Retreat Samten Choling, V.P.O Pangon Tehsil P.O. Manali, DISTT. KULLU

    Himachal Pradesh, 175129

    ཨེ་ཝཾ་འཕགས་ཡུལ་གནུབས་ཆེན་གནམ་ལྕགས་བཙུན་དགོན།

    ཨེ་ཝཾ་འཕགས་ཡུལ་གནུབས་ཆེན་གནམ་ལྕགས་བཙུན་དགོན།

    NUNNERY

    ༄༅། །རྒྱ་གར་ནུབ་བངྒལ་མངའ་སྡེའི་ཤི་ལི་གུ་རིར་གནས་པའི་སྔ་འགྱུར་ཨེ་ཝཾ་གནམ་ལྕགས་ཀྱི་ཆོས་སྡེ་ཡོངས་ཀྱི་མ་དགོན་ཨེ་ཝཾ་འཕགས་ཡུལ་གནུབས་ཆེན་གནམ་ལྕགས་དགོན་ནི། ༸སྐྱབས་རྗེ་སྒོ་ཆེན་སྤྲུལ་སྐུ་ལྔ་པ་གནམ་ལྕགས་གསང་སྔགས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཕྱག་བཏབ། དེ་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༨ ཉིན་ས་སློང་དང་གཏེར་བུམ་སོགས་སྦས་ཏེ་ཐོག་མར་རྨང་གཞིའི་ལས་འགོ་བཙུགས་ཤིང་། ད་ཆ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ། དགོན་པའི་རྟེན་གཙོ་བསྟན་པའི་བདག་པོ་སྟོན་པ་རྫོགས་པའི་སངས་རྒྱས་དང་། གཡས་གཡོན་དུ་འཇམ་དཔལ་དབྱངས་དང་གསང་བདག་ཕྱག་ན་རྡོ་རྗེ་གཙོ་འཁོར་གསུམ། དེའི་གཡས་སུ་གུ་རུ་སྣང་སྲིད་ཟིལ་གནོན། གཡས་གཡོན་དུ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་དང་མནྡ་ར་བ། སྟོན་པའི་གཡོན་དུ་རྗེ་བཙུན་བཅོམ་ལྡན་འདས་མ་ཨཱརྱ་ཏཱ་རཱ། གཡས་གཡོན་དུ་དབང་གི་ལྷ་མོ་ཀུ་རུ་ཀུ་ལེ་དང་དྲག་མོ་སེངྒེའི་གདོང་ཅན། དེ་དག་གི་གཡས་གཡོན་དུ་ཡི་དམ་རྡོ་རྗེ་གཞོན་ནུ་དང་། དབང་ཆེན་རྟ་མཆོག་རྒྱལ་པོ་བཅས་ཀྱི་སྐུ་བརྙན་བཞུགས། དགོན་འདིར་གཞི་རིམ་སློབ་གྲྭ་དང་། ཆོས་རིག་ལག་རྩལ་སློབ་གྲྭ། གསང་ཆེན་ལྔ་རིག་ཌཱ་ཀི་གླིང་བཤད་གྲྭ་བཅས་ཀྱི་ནང་ཁྱོན་བཙུན་མ་ཞལ་གྲངས་ ༡༠༠ སྐོར་ཡོད་པ་རྣམས་ནས་ནང་བསྟན་སློབ་གཉེར་ལ་བརྩོན་པ་མ་ཟད། བར་གསེང་རྣམས་སུ་བསམ་ལྷུན་སྒྲུབ་ཆེན་དང་འབྲེལ་བཛྲ་དུང་སྒྲུབ། ཡང་ཕུར་སྒྲུབ་ཆེན། ཡུམ་ཀ་དང་བཀའ་བརྒྱད་སྒྲུབ་མཆོད་སོགས་ལོ་ལྟར་བཞིན་ཟླ་ཆོས་ཀྱི་ཚུལ་དུ་སྔོན་འགྲོ། རྩ་རླུང་། འཕོ་བ། བར་དོ་རྫོགས་ཆེན་སོགས་བཀའ་ཆོས་རྣམས་རིམ་བཞིན་ཕུལ་ཏེ། བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་རིན་པོ་ཆེ་ཆབས་ཅིག་ཏུ་སྤེལ་བ་དང། སྐྱ་སེར་ཕོ་མོ་ཁྱད་མེད་སྐྱེ་འགྲོ་ཡོངས་ལ་དམ་པའི་ཆོས་ཀྱི་སྟོན་མོར་རོལ་གནས་གསར་པ་ཞིག་ཏུ་གྱུར་ཡོད་པ་བཅས་སོ།། །།

    Ewam Nupchen Namchak Nunnery, Toribari Village, Behind Bengal Safari P.O. Salugara, Siliguri

    West Bengal, 734008

    • 1
    • 2
    • More pages
    • 10
    • Next