icon

གནས་སྐོར།

  • རྟེན་བཤད།
  • ཆོས་སྡེ།
  • དུས་ཆེན།
  • གནས་བཤད།
  • འབྲེལ་གཏུག
Department of Religion and Culture, Central Tibetan Administration
    གཙོ་ངོས།ཆོས་སྡེ།བཀའ་བརྒྱུད།
    བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན།

    བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན།

    MONASTERY

    ༄༅། །བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན་ནི། དུས་རབས་བཅུ་བདུན་པར་སངས་རྒྱས་མཉན་སྤྲུལ་བཞི་པ་དགེ་ལེགས་རྒྱ་མཚོས་མདོ་ཁམས་སྒ་སྟོད་དུ་ཕྱག་བཏབ་ཅིང་།བྱེས་སུ་ཕྱི་ལོ་༡༩༨༦ལོར་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་སུ་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་།དེ་ཡ་གྱལ་བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་སྡེ་འོད་གསལ་གླིང་དང་།བཙུན་མའི་སྒྲུབ་སྡེ་ཨཱརྱ་ཏཱ་ར་གླིང་། གཞི་རིམ་སློབ་གྲྭ་མཁྱེན་རབ་པད་ཚལ་གླིང་བཅས་གསར་བཞེངས་གནང་། ཕྱི་ལོ་༢༠༠༤ལོར་ཡང་ལེ་ཤོད་ཨ་སུ་རའི་སྒྲུབ་ཕུག་གི་ཉེ་འདབས་སུ་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་། སློབ་གཉེར་གནང་ཕྱོགས་ནི།གྲྭ་ཚང་དུ་བཀའ་གཏེར་གསར་རྙིང་གི་རྒྱུད་སྡེ་རྣམས་འདོན་སྒྲིག་དང་། གར་ཐིག་དབྱངས་གསུམ། གཏོར་བཟོ་བཤམས་བཀོད། བསྐྱེད་རྫོགས་ཀྱི་ཉམས་ལེན་ཐོག་བརྡ་དག་སྙན་གསུམ་དང་། གཞུང་ཆེན་ཁག་ལ་རང་རང་སོ་སོའི་རྒྱུད་ཚོད་དང་བསྟུན་ཏེ་ཐོས་བསམ་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ལོ་ལྟར་བོད་ཟླ་དང་པོའི་སྨོན་ལམ་ནས་བཟུང་རྒྱུད་སྡེ་རྣམས་ཀྱི་རས་བྲིས་དང་རྡུལ་ཚོན་གང་རུང་ལ་བརྟེན་པའི་སྒྲུབ་མཆོད་ཁག་སྨིན་སྒྲུབ་གནང་བཞིན་ཡོད། སྒྲུབ་གྲྭ་རུ་ཕྱག་ཆེན་སྔོན་འགྲོ་ནས་བཟུང་ལོ་གསུམ་ཕྱོགས་གསུམ་གྱི་རིང་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ། རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བསྐྱེད་རྫོགས་བསྙེན་སྒྲུབ་བཅས་ཉམས་སུ་བཞེས་བཞིན་ཡོད། བཤད་གྲྭ་རུ་གཙོ་བོ་རང་ལུགས་མདོ་སྔགས་གཞུང་ཆེན་བརྒྱད་དང་། དེ་བཞིན་བརྡ་དག་སྙན་གསུམ་དང་རྒྱལ་རབས་ཆོས་འབྱུང་སོགས་ལ་སློབ་གཉེར་གནང་གི་ཡོད། དེ་བཞིན་དགེ་འདུན་པ་ཐུན་མོང་ནས་དམ་ཆོས་འདུལ་བའི་གཞི་གསུམ་གྱི་ཕྱག་ལེན་ཉམས་བཞེས་ཐོག གུ་རུ་ཆོས་དབང་གི་བླ་མ་གསང་འདུས་ཀྱི་སྒོ་ནས་ཚེས་བཅུ་ཆེན་མོའི་གར་འཆམ་དང་། མཆོག་གླིང་གི་ཟབ་བདུན་ཕུར་པའི་སྒྲུབ་ཆེན་གྱི་གཏོར་རྒྱག་འཆམ་དང་ལས་བཞིའི་སྦྱིན་སྲེག་བཅས་རེས་མོས། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཐུན་མིན་ཕྱག་བཞེས་དཔལ་ཡེ་ཤེས་ཀྱི་མགོན་པོའི་བདུན་སྒྲུབ་དང་འབྲེལ་བའི་གར་འཆམ་གཏོར་རྒྱག་དང་ལས་བཞིའི་སྦྱིན་སྲེག་བཅས་གནང་སྲོལ་ཡོད། དེང་སྐབས་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བསྟན་དགའ་ཆུང་སྲིད་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་པ་ཞལ་གྲངས་༤༥༦ཙམ་བཞུགས་པའོ།། །།

    Benchen Phuntsok Dhargyeling, P76Q+3MX, Chauni Hospital Marg

    Kathmandu, 44600

    བཀའ་བརྒྱུད་ཚེ་མཆོག་གླིང་དགོན།

    བཀའ་བརྒྱུད་ཚེ་མཆོག་གླིང་དགོན།

    MONASTERY

    ༄༅། །བཀའ་བརྒྱུད་ཚེ་མཆོག་གླིང་དགོན་ནི། བཀའ་བརྒྱུད་སྤྲུལ་སྐུ་༸སྐྱབས་རྗེ་བསྟན་འཛིན་ཉི་ཟླ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༧༧༠ལོར་འཕགས་བོད་མཐའ་མཚམས་གྲོ་མོ་སྨད་དུ་ཕྱག་བཏབ། དགོན་པ་འདི་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ནང་ཚན་དོན་བརྒྱུད་དཔལ་ལྡན་འབྲུག་པའི་སྟོད་འབྲུག་གི་ཆོས་བརྒྱུད་འཛིན་པ་ཞིག་ཡིན། ཕྱི་ལོ་༡༩༥༩ལོར་བོད་ལྗོངས་ཆོས་ལྡན་གྱི་ཞིང་དུ་རྒྱ་དམར་གཞུང་གིས་བཙུན་འཛུལ་དྲག་པོ་བྱས་ལ་བརྟེན་ནས་བོད་ཀྱི་དགོན་སྡེ་སྤྱི་མཚུངས་ལྟར་དགོན་པ་འདི་ཡང་མིང་གི་ལྷག་མར་སོང་གཤིས།བཀའ་བརྒྱུད་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་༸སྐྱབས་རྗེ་འཇིགས་མེད་ངག་དབང་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་པའི་དགོན་པ་འདིའི་དགེ་འདུན་པ་མི་ཉུང་བ་ཞིག་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད། རྒྱ་གར་དུ་བཀའ་བརྒྱུད་ཚེ་མཆོག་གླིང་གི་དགེ་འདུན་སྐུ་ན་བགྲེས་སོང་ཞིག་གི་གཟིམས་ཤག་ཏུ་དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་ཚེས་བཅུ་ཉེར་ལྔ་སོགས་ཆད་མེད་ཀྱིས་ལོ་མང་རིང་བཞུགས་ཤིང་། ཕྱི་ལོ་༡༩༨༧ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། དད་ལྡན་མང་པོའི་གཏོང་ཕོད་རྒྱབ་སྐྱོར་ལ་བརྟེན་ནས་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་བྱེས་ཀྱི་དགོན་པ་འདི་གསར་བཞེངས་ལེགས་གྲུབ་བྱུང་།ཕྱི་ལོ་༢༠༠༥ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སུ་ཆིབས་བསྒྱུར་སྐབས་ཀྱང་དགོན་པ་འདིར་ཕེབས་ནས་བཀའ་སློབ་ལམ་སྟོན་གྱི་རྗེས་འཛིན་བསྐྱངས། དེང་སྐབས་དགེ་འདུན་པ་ཞལ་གྲངས་༢༡ལྷག་ཙམ་བཞུགས་པའོ།། །།

    Kagon Tsechokling , J.N. Road Chendmari P.O. Raj Bhawan

    Sikkim, NA

    འབྲི་གུང་གྲུ་འཛིན་ཐེག་མཆོག་གླིང་ངམ་སྨྱུང་གནས་ལྷ་ཁང་།

    འབྲི་གུང་གྲུ་འཛིན་ཐེག་མཆོག་གླིང་ངམ་སྨྱུང་གནས་ལྷ་ཁང་།

    TEMPLE

    ༄༅། །འབྲི་གུང་གྲུ་འཛིན་ཐེག་མཆོག་གླིང་ངམ་སྨྱུང་གནས་ལྷ་ཁང་ནི། སྦིར་བོད་ཚོགས་ཀྱི་གཞིས་མི་ཚེ་འདས་ཡོ་རེ་ཚང་བརྩོན་འགྲུས་སེངྒེ་ལགས་ཀྱིས་༸སྐྱབས་རྗེ་དབོན་སྤྲུལ་རིན་པོ་ཆེ་མཆོག་ལ་དེ་གའི་ས་གནས་སུ་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས།འཛམ་གླིང་ཞི་བདེའི་དེད་དཔོན།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་།གཞན་ཡང་ཆོས་ཕྱོགས་དང་འབྲེལ་བའི་ཞབས་རིམ་ཞུ་སྒོ་ཁག་གི་ཆེད་དུ་འདུ་འཛོམས་ཞུ་ས་དགོས་གལ་སྙན་གསེང་སྐྱབས་འཇུག་ཞུས་དོན་ལྟར་རིན་པོ་ཆེ་ནས་ས་ཆ་རིན་མེད་གནང་། ཕྱི་ལོ་༢༠༠༨ལོར་འདས་པོ་ཁོང་རང་ཉིད་ཀྱིས་དཔལ་འབྱོར་རོགས་དངུལ་ཐབས་འཚོལ་གནང་སྟེ་གསར་བཞེངས་གནང་སྟེ།སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ནས་དབུ་འབྱེད་གནང་། མི་མང་གིས་ལོ་ལྟར་སྨྱུང་གནས་དང་།ཚེས་བཟང་དུས་བཟང་སྐབས་ཞབས་རིམ་གསོག་སྒྲུབ་གནང་དང་གནང་བཞིན་པ་ཡིན།། །།

    Drikung Nyungney Lhakhang, Drongtoe Rd, Bir Colony, Chaugan

    Himachal Pradesh, 175032

    ཁྲ་འགུ་བཀྲ་ཤིས་ཆོས་གླིང་།

    ཁྲ་འགུ་བཀྲ་ཤིས་ཆོས་གླིང་།

    MONASTERY

    ༄༅། །ཁྲ་འགུ་བཀྲ་ཤིས་ཆོས་གླིང་ནི། བོད་མདོ་ཁམས་སྐྱེ་རྒུ་མདོ་དང་ཉེ་བའི་སར་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་མཆོག་གིས་ཁྲ་འགུ་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་ཕྱི་ལོ་༡༤༧༧ལོར་དགོན་བདག་ཏུ་བསྐོས་ཏེ་དགོན་པ་གསར་བཞེངས་གནང་། དགོན་པ་གསར་བཞེངས་ཞུ་སར་བྲག་རི་ཁྲ་ཅན་ཞིག་ཡོད་པ་དེའི་མིང་དགོན་པར་ཐོགས་ཏེ་ཁྲ་འགུ་དགོན་ཞེས་གྲགས། ཕྱི་ལོ་༡༩༨༤ལོར་༸སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་བོད་ལ་སླར་ཡང་ཆིབས་བསྒྱུར་གནང་སྟེ།ཁྲ་འགུ་བཀྲ་ཤིས་བཤད་སྒྲུབ་ཆོས་འཁོར་གླིང་དགོན་པ་ཉམས་གསོ་གནང་ནས་དེང་གི་ཆར་དགེ་འདུན་པ་བརྒྱ་ཕྲག་གཉིས་བརྒལ་བར་བསླབ་པ་སློབ་གཉེར་གནང་ས་གཞི་རིམ་སློབ་གྲྭ་དང་།བཤད་གྲྭ།གྲྭ་ཚང་།སྒྲུབ་པ་ཉམས་ལེན་གནང་ས་སོགས་ཀྱི་མཐུན་རྐྱེན་ཡོད། བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་༡༩༧༨ལོར་བལ་ཡུལ་སྟག་མོ་ལུས་སྦྱིན་དུ་༸སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཆོག་གིས་ཁྲ་འགུ་བཀྲ་ཤིས་ཆོས་གླིང་གི་གདན་ས་གཉིས་པ་རྟེན་དང་བརྟེན་པ་བཅས་པ་གསར་དུ་བཞེངས།དེང་སྐབས་བོད་རིགས་དང་ཁུ་ནུ་པ། ལ་དྭགས་པ་དང་འབྲུག་པ། བལ་པོ་དང་མི་རིགས་གཞན་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་༦༦༠ཙམ་གྱིས་སྤོང་ཀློག་གི་བྱ་བར་བརྩོན་བཞིན་པའོ།། །།

    Thrangu Tashi Choeling, P9F6+2PM, Boudha Rd

    Kathmandu, 44600

    གནས་མདོ་བཀྲ་ཤིས་ཆོས་གླིང་།

    གནས་མདོ་བཀྲ་ཤིས་ཆོས་གླིང་།

    MONASTERY

    ༄༅། །བཀའ་བརྒྱུད་ཚེ་མཆོག་གླིང་དགོན་ནི། བཀའ་བརྒྱུད་སྤྲུལ་སྐུ་༸སྐྱབས་རྗེ་བསྟན་འཛིན་ཉི་ཟླ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༧༧༠ལོར་འཕགས་བོད་མཐའ་མཚམས་གྲོ་མོ་སྨད་དུ་ཕྱག་བཏབ། དགོན་པ་འདི་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ནང་ཚན་དོན་བརྒྱུད་དཔལ་ལྡན་འབྲུག་པའི་སྟོད་འབྲུག་གི་ཆོས་བརྒྱུད་འཛིན་པ་ཞིག་ཡིན། ཕྱི་ལོ་༡༩༥༩ལོར་བོད་ལྗོངས་ཆོས་ལྡན་གྱི་ཞིང་དུ་རྒྱ་དམར་གཞུང་གིས་བཙུན་འཛུལ་དྲག་པོ་བྱས་ལ་བརྟེན་ནས་བོད་ཀྱི་དགོན་སྡེ་སྤྱི་མཚུངས་ལྟར་དགོན་པ་འདི་ཡང་མིང་གི་ལྷག་མར་སོང་གཤིས།བཀའ་བརྒྱུད་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་༸སྐྱབས་རྗེ་འཇིགས་མེད་ངག་དབང་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་པའི་དགོན་པ་འདིའི་དགེ་འདུན་པ་མི་ཉུང་བ་ཞིག་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད། རྒྱ་གར་དུ་བཀའ་བརྒྱུད་ཚེ་མཆོག་གླིང་གི་དགེ་འདུན་སྐུ་ན་བགྲེས་སོང་ཞིག་གི་གཟིམས་ཤག་ཏུ་དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་ཚེས་བཅུ་ཉེར་ལྔ་སོགས་ཆད་མེད་ཀྱིས་ལོ་མང་རིང་བཞུགས་ཤིང་། ཕྱི་ལོ་༡༩༨༧ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། དད་ལྡན་མང་པོའི་གཏོང་ཕོད་རྒྱབ་སྐྱོར་ལ་བརྟེན་ནས་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་བྱེས་ཀྱི་དགོན་པ་འདི་གསར་བཞེངས་ལེགས་གྲུབ་བྱུང་།ཕྱི་ལོ་༢༠༠༥ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སུ་ཆིབས་བསྒྱུར་སྐབས་ཀྱང་དགོན་པ་འདིར་ཕེབས་ནས་བཀའ་སློབ་ལམ་སྟོན་གྱི་རྗེས་འཛིན་བསྐྱངས། དེང་སྐབས་དགེ་འདུན་པ་ཞལ་གྲངས་༢༡ལྷག་ཙམ་བཞུགས་པའོ།། །།

    Neydo Tashi Choeling, Seti Devi VDC-2, Pharping,

    Kathmandu,

    དཔལ་རི་དགོན་ཐུབ་བསྟན་བསམ་འགྲུབ་ཆོས་འཁོར་གླིང་།

    དཔལ་རི་དགོན་ཐུབ་བསྟན་བསམ་འགྲུབ་ཆོས་འཁོར་གླིང་།

    MONASTERY

    ༄༅། །དཔལ་རི་དགོན་ཐུབ་བསྟན་བསམ་འགྲུབ་ཆོས་འཁོར་གླིང་ནི། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེས་ལུང་གིིས་ཟིན་པ་རི་པ་བག་ཡོད་སྐུ་ཕྲེང་བཞི་པ་མཆོག་གིས་ཕྱི་ལོ་༡༧༦༥ལོར་མདོ་ཁམས་ནང་ཆེན་རྒྱལ་པོའི་མངའ་འོག་བེ་ཧུ་ཉེར་ལྔའི་ཁོངས་འབྲོང་སྨད་བེ་ཧུ་ཞེས་རི་བོ་གླང་ཆེན་ཟུར་དུ་འགྱིངས་པ་འདྲ་བའི་གནས་སུ་ཕྱག་བཏབ། རྒྱ་གར་དུ་རི་པ་བག་ཡོད་སྐུ་ཕྲེང་བརྒྱད་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེངྒེ་གཞན་ཕན་མཐའ་ཡས་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༤ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་ཕྱག་བཏབ། དེང་སྐབས་བོད་དང་རྒྱ་གར་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་༢༢ཙམ་བཞུགས་པའོ།། །།

    Pal Rigon Thupten Samdup Choekhorling, V- Village, Kollegal Taluk, Dhondenling Tibetan Settlement

    Karnataka, 571457

    གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་།

    གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་།

    MONASTERY

    ༄༅། །གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་ནི། བོད་གཞིས་ཀྱི་གཏེར་སྒར་དགོན་པའི་ཡན་ལག་སྟེ་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རྡོ་རྗེ་མཆོག་གིས་ཕྱི་ལོ་༢༠༠༣ལོར་བྱེས་ཀྱི་གདན་ས་དང་པོ་འདི་ཉིད་ཕྱག་བཏབ་སྟེ་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་པས་བཀའ་བརྒྱུད་པའི་སྟོན་འཁོར་འདུས་མང་ནས་དབུ་འབྱེད་མཛད། ལོ་ལྟར་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་དང་དགུན་ཆོས་ཚོགས་སའི་བསྟི་གནས་སུ་གྱུར། དེང་སྐབས་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་དགེ་འདུན་པ་ཞལ་གྲངས་༡༨༦ཉེ་བས་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་དང་བཅས་པར་སློབ་གཉེར་གནང་བཞིན་པ་མ་ཟད། ཨིན་སྐད་དང་ཧིནྡཱིའི་སྐད་བཅས་གཞི་རིམ་གྱི་ཤེས་ཡོན་ཚད་ལྡན་གནང་བཞིན་པའི་ཐོགབཀའ་བརྒྱུད་མཐོང་བ་བརྒྱུད་པའི་ཕྱག་ལེན་དུས་མཆོད་དང་འདོན་ཆོ་གའི་རིམ་པ་དག་ཀྱང་མ་ཉམས་རྒྱུན་འཛིན་གནང་དང་གནང་མུས་ཡིན།། །།

    Tergar Monastery, Belsar, Bodh Gaya,

    Bihar, 824231

    གནས་ནང་ཕུན་ཚོགས་ཆོས་གླིང་དགོན།

    གནས་ནང་ཕུན་ཚོགས་ཆོས་གླིང་དགོན།

    MONASTERY

    ༄༅། །གནས་ནང་ཕུན་ཚོགས་ཆོས་གླིང་དགོན་ནི། རྗེ་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེངྒེ་མཆོག་གིས་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཕྱག་བཏབ། ཀརྨ་པ་ཆོས་གྲགས་རྒྱ་མཚོས་དཔའ་བོ་ཆོས་དབང་ལྷུན་གྲུབ་མཆོག་བཀའ་བརྒྱུད་མར་པ་ལོ་ཙཱ་བ་ཡབ་སྲས་ཀྱི་གདན་ས་ཆེན་པོ་སྲས་གྲོ་བོ་ལུང་གི་བསྟན་པའི་བདག་པོ་མངའ་གསོལ་ཞིང་། དེའི་སྐུ་ཕྲེང་དགུ་པ་མཆོག་གིས་ལྷ་ས་དང་ཉེ་བ་སྟོད་ལུང་བདེ་ཆེན་རྫོང་ཁོངས་གནས་ནང་དགོན་གྱི་གདན་ས་བསྐྱངས། སྐུ་ཕྲེང་དགུ་པ་ཡན་ལ་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་བསྐྱངས། བྱེས་ཀྱི་གདན་ས་འདི་ནི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་དཔའ་བོ་སྐུ་ཕྲེང་བཅུ་བཞི་པ་གཙུག་ལག་སྨྲ་བའི་དབང་ཕྱུག་མཆོག་གིས་ཕྱི་ལོ་༡༩༨༥ལོར་ཕྱག་བཏབ། དེང་སྐབས་དཔའ་བོ་གཙུག་ལག་སྐུ་ཕྲེང་བཅོ་ལྔ་པ་བསྟན་འཛིན་ཀུན་བཟང་ཆོས་ཀྱི་ཉི་མ་མཆོག་དབུ་བཞུགས་ཀྱིས་དབང་ལུང་སོགས་སྩོལ་བཞིན་པ་དང་།གྲྭ་པའི་ཞལ་གྲངས་༢༥ཡོད།། །།

    Nehnang Phuntsok Choeling , P9F4+38

    Kathmandu, 44600

    ཉི་སྡེ་རབ་བརྟན་གླིང་དགོན།

    ཉི་སྡེ་རབ་བརྟན་གླིང་དགོན།

    MONASTERY

    ༄༅། །ཉི་སྡེ་རབ་བརྟན་གླིང་དགོན་ནི། ༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་མཆོག་གིས་བོད་ལྷོ་བྲག་ཏུ་ཕྱག་བཏབ་པའི་དགོན་པ་ཞིག་ཡིན། བྱེས་སུ་ཉི་སྡེ་རབ་བརྟན་དགོན་གྱི་བླ་གྲྭ་དང་ཕ་མ་རྒན་རབས་པ་རྣམས་ཀྱིས་ཕྱི་ལོ་༡༩༥༩ལོར་འབྲུག་ཡུལ་འཇིགས་མེད་ནང་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགོན་པ་འདི་ཉིད་གསར་བཞེངས་གནང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་༦༧བཞུགས་ཤིང་།བླ་མ་ཚེ་དབང་རབ་བརྟན་ལགས་ཀྱི་གཟིགས་རྟོག་འོག་གྲྭ་གཞོན་རྣམས་ལ་བྱིས་པ་དག་ཡིག་དང་།རྒྱལ་སྲས་ལག་ལེན་སོ་བདུན་མ།ལེགས་བཤད་ལྗོན་དབང་དང་།གྲྭ་རྒན་པ་རྣམས་ལ་རང་ལུགས་ཀརྨ་ཀམ་ཚང་གི་ཕྱག་བཞེས་ལྟར་ཆོ་ག་ཕྱག་ལེན་སོགས་སློབ་སྦྱོང་གནང་གི་ཡོད།། །།

    ,

    Thimphu,

    • 1
    • 2
    • More pages
    • 8
    • Next