༄༅། །སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནི། ཐོག་མར་བོད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཀུན་མཁྱེན་བྱང་ཆུབ་འབུམ་པ་དཔལ་བཟང་པོ་མཆོག་གིས་རབ་བྱུང་བདུན་པའི་ལྕགས་གླང་ཕྱི་ལོ་༡༤༢༡ལོར་ཕྱག་བཏབ། བོད་དུ་ཐོག་མར་གྲྭ་ཚང་འདི་ཉིད་ཕྱག་བཏབ་པ་ནས། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་དགེ་སྦྱོར་ལ་བརྩོན་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཆུ་བོའི་རྒྱུན་བཞིན་བྱོན་ཏེ། ྋརྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང༌། ཡང་སྒོས་འཇམ་མགོན་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དམ་པར་གནས་ཤིང༌། རིམ་གྱིས་གྲྭ་ཚོགས་འཕེལ་བས་ཁང་ཚན་བཅུ་དྲུག་ཏུ་དབྱེ་བ་ཕྱེ་ཡོད། ཕྱི་ལོ་༡༩༥༩ལོར་དུས་འགྱུར་བྱུང་བ་ནས་གྲྭ་ཚང་འདིའི་དགེ་འདུན་མི་ཉུང་བ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་ཞིང༌། ཐོག་མར་སྦག་ས་ཆོས་སྒར་དུ་ས་བབ་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་ཆེན་པོའི་འོག་སྔར་སྲོལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་འཕྲོ་རྒྱུན་མཐུད་དེ་ལོ་ཤས་གནས། དེ་ནས་མཐར་ཕྱི་ལོ་༡༩༦༣ཟླ་༡༢ཚེས་༡༣ཙམ་ལ་མེ་སོར་སྦེལ་ཀོབ་གཞིས་ཆགས་སུ་གནས་སྤོས་རྗེས་བོད་ནས་ཕེབས་པའི་དགེ་འདུན་བགྲེས་པ་རྣམས་ཀྱིས་དགོན་པ་ཆགས་ཡུལ་གྱི་ཤིང་ནགས་གཅོད་འབྲེག་དང་། གྲྭ་ཤག་དང་ཚོགས་ཁང་སོགས་གསར་རྒྱག་གི་ལས་ལ་ལྷག་པར་བརྩོན་ཅིང༌། ྋརྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་སླད་ངལ་བ་ཁྱད་དུ་བསད་དེ་ཕྱི་ལོ་༡༩༧༤ལོར་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ཀྱི་འདུ་ཁང་གསར་བཞེངས་དང༌། ཕྱི་ལོ་༡༩༨༢ལོར་ཚོགས་ཆེན་འདུ་ཁང་ཆེན་མོ་ཕྱི་ནང་གཉིས་ཡོངས་རྫོགས་གསར་བཞེངས་ཞུས། ༡༩༨༧ལོར་སེར་སྨད་གྲྭ་ཚང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱིས་གྲྭ་ཚང་གི་སློབ་གཉེར་དང་འཛིན་སྐྱོང་གི་ལས་དོན་ཡར་རྒྱས་བྱུང་ཡོད། གྲྭ་ཚང་འདིར་ལོ་རེ་བཞིན་སློབ་གཉེར་བ་ཇེ་མང་དུ་ཕྱིན་ནས་སླར་ཡང་གཙུག་ལག་ཁང་གསར་བཞེངས་རྒྱ་སྐྱེད་ཀྱི་ལས་གཞི་བརྩམས་ནས། ཕྱི་ལོ་༢༠༠༢ལོར་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཀྱིས་གཙུག་ལག་ཁང་གསར་པའི་དབུ་འབྱེད་མཛད་སྒོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོགཉེ་བའི་རིགས་བདག་ྋསྐྱབས་རྗེ་བྱང་རྩེ་ཆོས་རྗེ་མཆོགགདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། རིས་མེད་ཆོས་སྡེ་ཁག་གི་བླ་སྤྲུལ་རྣམ་པ། ས་གནས་ཀར་ན་ཀྲ་ཀ་མངའ་སྡེའི་བློན་ཆེན་མཆོགརང་གཞུང་ཆོས་དོན་བཀའ་བློན་གྱིས་མཚོན་འདིར་བཞུགས་ས་གནས་སེར་སྐྱ་ཕོ་མོ་དང༌། ཕྱོགས་མཐའ་ཁག་གི་ཆོས་ཞུ་བ་བཅས་མི་མང་ཁྲི་ཚོ་བརྒལ་བ་ལྷན་འཛོམས་ཐོག་ྋགོང་ས་མཆོག་གིས་དབུ་འབྱེད་རབ་གནས་བྱིན་རླབས་དང་འབྲེལ་གསུང་ཆོས་བཀའ་དྲིན་བསྩལ། ཕྱི་ལོ་༢༠༠༧ལོར་ཆོས་ར་རྒྱ་ཁྱོན་ཆུང་བ་དང༌། དབྱར་ཁ་ཆར་དུས་སུ་ཆུ་ཐིགས་ཟག་པ་སོགས་ཀྱི་དཀའ་སེལ་ཆེད་དད་ལྡན་ལྷག་བསམ་ཅན་དང༌། སློབ་མ་རྣམས་ལ་ཆོས་ར་ཉམས་གསོའི་ཆེད་འབོད་སྐུལ་ཞུས་ཏེ་ཉམས་གསོ་གནང་ཡོད། ད་ལྟའི་ཆར་འདི་ག་གྲྭ་ཚང་དུ་དགེ་འདུན་ཞལ་གྲངས་༡༣༢༧བཞུགས་པ་རྣམས་ཐུགས་མཐུན་ཁྲིམས་གཙང་ངང་འཕགས་བོད་མཁས་པའི་གསུང་རབ་སྤྱི་དང༌། ཁྱད་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱི་ཡིག་ཆར་གཞིར་བཅོལ། གྲྭ་ཚང་གི་ཐུན་མིན་ཡིག་ཆའི་སྲོག་བཟུང༌། རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་དང་སྙན་སུམ་སོགས་ཐུན་མོང་རིག་གནས་ཀྱིས་ཟུར་བརྒྱན་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གནང་མུས་ཡིན། གྲྭ་ཚང་འདིའི་ཐོས་བསམ་སློབ་གཉེར་གནང་ཕྱོགས་ནི། འཛིན་གྲྭ་དང་པོ། ཁ་དོག་དཀར་དམར་སོགས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་དང༌། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བློ་རྟགས། དེ་ནས་ཕར་ཕྱིན་གཞུང་གསར་འཛིན་གྲྭ། གཞུང་རྙིང་འཛིན་གྲྭ། གཞུང་རྙིང་གོང་མ། སྐབས་གཉིས་པ། སྐབས་བཞི་པ། ཟུར་བཀོལ་དང་པོ། ཟུར་བཀོལ་གཉིས་པ། དབུ་མའི་འཛིན་གྲྭ། དབུ་གསར་དང་པོ། དབུ་གསར་གཉིས་པ། དབུ་རྙིང་དང་པོ། དབུ་རྙིང་གཉིས་པ། འདུལ་བ་གཞི་སྟོད། འདུལ་མཛོད་འཛིན་གྲྭ། གཟན་རྐྱང་འཛིན་གྲྭ། འདུལ་བ་གཞི་སྨད། འཛིན་གྲྭ་གསུམ་པ། མཛོད་གནས་དང་པོ་བཞི། འཛིན་གྲྭ་གཉིས་པ། མཛོད་གནས་ཕྱི་མ་བཞི། འཛིན་གྲྭ་དང་པོ། འདུལ་མཛོད་ལ་བསྐྱར་སྦྱོང༌། དེ་ནས་ལྷ་རམས་འཛིན་གྲྭར་སླེབས་མཚམས་ལོ་རེའི་བོད་ཟླ་གཉིས་པར་མཛོད་དང༌། བོད་ཟླ་བཅུ་གཅིག་པར་འདུལ་བའི་དམ་བཅའ་ཚུགས་རྒྱུ་བཅས་དེ་ལྟར་ལོ་ངོ་བཅོ་བརྒྱད་རིང་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔའི་འགྲེལ་པ་དང་བཅས་པར་སློབ་གཉེར་དཔྱིས་ཕྱིན་པ་གནང་བཞིན་པ་བཅས་ཆོས་ཕྱོགས་ཀྱི་བྱ་བ་སྤྱི་དང༌། ཡང་སྒོས་གྲྭ་ཚང་འདི་ཉིད་ཀྱི་ལོ་རེའི་ཆོས་ཀྱི་བྱེད་སྒོ་རྩ་ཆེན་རྣམས་ཚུལ་བཞིན་དུ་སྒྲུབ་མུས་ཡིན། ཕྱི་ལོ་༡༩༧༦ལོར་སེར་སྨད་གྲྭ་ཚང་གི་སློབ་གྲྭ་གསར་དུ་བཙུགས་པ་དང༌། རྒྱ་གར་མངའ་སྡེ་གཞུང་གི་ངོས་ལེན་ཡོད་པའི་སློབ་གྲྭ་ཞིག་ཡིན། དེ་སྐབས་འཛིན་ཁང་སོགས་མེད་པས་ཀ་ཕིབས་དང༌། ཤིང་སྡོང་གི་གྲིབ་བསིལ་སོགས་ལ་འཛིན་གྲྭ་ཚོགས་ཤིང༌། བོད་ཀྱི་ཐུན་མོང་མིན་པའི་ཤེས་ཡོན་མི་ཉམས་གཅེས་འཛིན་དང༌། རྒྱུན་སྲོལ་མི་ཉམས་གོང་འཕེལ་ཆེད་དུ་དམིགས་པ་མ་ཟད། དེང་རབས་ཀྱི་ཤེས་ཡོན་ཡང་སློབ་ཁྲིད་གནང་གི་ཡོད། སློབ་གྲྭའི་ངོས་ནས་ཕྱི་རྒྱལ་རོགས་ཚོགས་ཁག་དང༌། ཕྱི་རྒྱལ་སྤུན་ཟླ་ཕོ་མོ་སོ་སོ་ནས་རོགས་དངུལ་མཐུན་འགྱུར་གནང་བ་རྣམས་སློབ་ཕྲུག་གི་ཞལ་ལག་དང་། འཕྲོད་བསྟེན། འབྲི་དེབ། སློབ་དེབ། ཤེས་ཡོན་ལ་སྨན་པའི་དགོས་མཁོ་སོགས་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་རྗེས་༡༩༧༩ལོར་མཁན་རིན་པོ་ཆེ་བྱམས་པ་དོན་ཡོད་མཆོག་གྲྭ་ཚང་གི་མཁན་པོའི་འགན་བཞེས་གནང་སྐབས་འཛིན་ཁང་འགའ་ཞིག་དང༌། ས་ཆ་བཅས་གྲྭ་ཚང་ནས་སློབ་གྲྭར་གནང་བ་དང་བསྟུན། རྒྱ་ཅོག་དང་རྐུབ་སྟེགས་ཀྱང་གསར་བཟོ་གནང༌། དེ་བཞིན་སློབ་དེབ་དང་དགེ་རྒན་སོགས་ཕྱི་ནས་གདན་འདྲེན་ཞུས་ཏེ་རིམ་བཞིན་ཚགས་ཚུད་དང༌། ཡར་རྒྱས་དང་སྦྲགས་རྒྱ་སྐྱེད་གང་འཚམས་གནང་ཐུབ་པ་བྱུང༌། དེ་ལྟར་རིམ་བཞིན་ཡར་རྒྱས་གང་ལེགས་བྱུང་བ་ནི་གཙོ་བོ་ཕྱི་རྒྱལ་ཁག་ནས་རོགས་ཚོགས་དང༌། ཕྱི་རྒྱལ་སྤུན་ཟླ་ཕོ་མོ་སོགས་ནས་ཞལ་འདེབས་དང་སྦྱིན་བདག་གི་རོགས་རམ་མཐུན་འགྱུར་ཁོ་ནར་བརྟེན་ནས་བྱུང་བ་མ་ཟད། མཁན་རིན་པོ་ཆེ་རིམ་བྱོན་དང༌། མཁན་ཟུར་རིན་པོ་ཆེ་རྣམ་པས་ཐུགས་ཁུར་ཆེ་བཞེས་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལྟར་དགེ་འདུན་པ་ལོ་ཆུང་ཚོའི་ཆེད་དུ་སློབ་གྲྭ་གསར་འཛུགས་དང་གཞན་ཡང་སྤྱི་ཚོགས་ཞབས་ཞུ་ལ་ཕན་པའི་སྨན་ཁང་དང་། ཟ་ཁང༌། མགྲོན་ཁང༌། ཚོང་ཁང་སོགས་འཛུགས་གཉེར་གྱིས་ཞབས་ཞུ་ཞུ་བཞིན་ཡོད་པ་དང༌། ྋགོང་ས་མཆོག་ནས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཐུགས་བརྩེས་མ་འོངས་བླང་དོར་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ་བའི་དགོངས་དོན་དེ་དག་སྙིང་དབུས་སུ་བཅངས་ཏེ། གྲྭ་ཚང་འདི་ཉིད་ཀྱི་ཆོས་སྲིད་མཛད་ཕྱོགས་ཀྱི་གེགས་སྐྱོན་ཇི་བྱུང་རྣམས་རིམ་སེལ་ཐོག་ཡར་རྒྱས་བཟང་ཕྱོགས་སུ་མདུན་སྐྱོད་གནང་བཞིན་ཡོད།། །།
,
Karnataka,
༄༅། །བོད་དགོན་དགའ་ཆོས་གླིང་ནི། ཕྱི་ལོ་ ༡༩༥༧ ལོ་ཙམ་ལ་མཚམས་པ་བླ་མ་ཟེར་བ་ཞིག་ཤི་ལོང་དུ་འབྱོར་ཏེ། དེ་གར་དགོན་པ་ཞིག་དགོས་གལ་གཟིགས་ནས་ཐོག་མར་དགོན་པ་ཆུང་ཆུང་ཞིག་བཞེངས་ཡོད། འོན་ཀྱང༌ཕྱིས་སུ་བརྒྱུད་འཛིན་མ་བྱུང་སྟབས་སྐབས་དེའི་ལས་སྣེ་ནས་ཕྱི་ལོ་ ༡༩༧༠ ཙམ་ལ་དགེ་ལུགས་མ་དགོན་དུ་ཕུལ་བ་ནས། ད་བར་སེ་འབྲས་དགའ་གསུམ་ནས་མཁན་པོ་དགེ་བཤེས་གཏོང་གནང་མཛད་བཞིན་པ་དང༌། གསོ་སྦྱོང་དབྱར་གནས་དགག་དབྱེ་སོགས་མི་ཉམས་པར་གནས་ཡོད། ད་ལྟའི་ཆར་མཁན་པོ་བློ་གསལ་གླིང་ནས་གནང་མུས་ཡིན།། །།
Shillong Gaden Choeling Buddhist Monastery , Shillong
Meghalaya, 793004
༄༅།།ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་ནི། ཕྱི་ལོ་ ༡༦༤༩ ལོར་ྋགོང་ས་ལྔ་པ་ཆེན་པོ་མཆོག་གིས་ཕྱག་བཏབ་པའི་བོད་ཀྱི་དགོན་པ་འདུ་གླིང་བཅུ་གསུམ་གྱི་གྲས་ཀྱི་དགོན་རྙིང་ཞིག་ཡིན། དགོན་པ་ཆགས་ཡུལ་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ཀྱི་ལྷོ་བྲག་དུ་བ་རྫོང་ཁོངས་ཀྱི་རྫོང་གཤམ་རི་གླང་ཆེན་གཟུགས་ཅན་ལྷ་ཁང་སྟེང་ཞེས་པའི་རིར་ཆགས་ཡོད། བོད་དུ་རྒྱ་དམར་གྱིས་བཙན་གནོན་དུས་འགྱུར་མ་བྱུང་གོང་དགོན་པ་དེའི་ནང་སྔར་སྲོལ་དགེ་འདུན་ ༣༠༠ ཙམ་ཡིན་ཡང་རྟག་བཞུགས་གྲྭ་རྒྱུན་གྲངས་ ༡༧༠ ཙམ་ཡོད་པ་དང༌། དགོན་པ་དེ་ནས་གཞུང་ཆེན་བཀའ་པོད་ལྔ་དང༌། མདོ་སྔགས་ལ་མཁས་ཤིང་གྲུབ་པ་བརྙེས་པའི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་གྲངས་མེད་བྱོན་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༨ ལོར་བཙན་རྒྱལ་རྒྱ་དམར་དམག་དཔུང་གིས་བོད་ས་ཡོངས་རྫོགས་ཧམ་ཟོས་བྱེད་སྐབས་རང་དགོན་གྱི་དགེ་འདུན་བཞི་དམར་གསོད་དང་གཞན་གང་མང་རྨས་སྐྱོན་ཚབས་ཆེན་བཏང་བར་བཟོད་སྒོམ་ཐུབ་བྲལ་འུ་ཐུག་ཐབས་ཟད་ཀྱིས་དགའ་ལྡན་བྱང་རྩེ་གྲྭ་ཚང་བརྒྱུད་དཔལ་ལྡན་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་རྒྱལ་ས་ལྷ་སར་མི་དབང་ས་སྐྱོང་བཀའ་ཤག་ལྷན་རྒྱས་མཆོག་ལ་བདེ་སྡུག་སྙན་སེང་ཞུ་རྒྱུ་དང༌། རྩེ་ཕོ་བྲང་འགག་ཏུ་བཅར་རྒྱུའི་འཐུས་མི་༩ཁོངས་སུ་རྒྱལ་ཁབ་ཏུ་སྙན་བཅར་ཞུས་ཏེ་མཐའ་མའི་བཀའ་དཔྱད་བཟང་ཕེབས་དགོངས་དོན་ལྷོ་ཁུལ་རྩེ་ཐང་ཕུད། དེ་མིན་ལྷོ་ཁ་རྫོང་༡༨ནང་རྒྱ་དམར་གཅིག་ཀྱང་མེད་པར་གཙང་གནས་ཐུབ་པ་བྱུང་བ་ནི་སྐབས་དེར་གཞུང་ས་ཆེན་པོའི་མཛད་བྱུས་ཡིན། འོན་ཀྱང་རྒྱ་དམར་གྱིས་མུ་མཐུད་བཙན་འཛུལ་བྱས་སྟབས་ ༡༩༥༨ ལོར་ལྕགས་ཚ་གྲི་གུ་ཐང་དུ་བོད་ཆོལ་གསུམ་བསྟན་སྲུང་དང་བླངས་དམག་སྒར་ཚུགས་རྗེས་གུས་ཚོ་དོན་གཉིས་གླིང་དགོན་གྲྭ་ ༡༨ བསྟན་སྲུང་དམག་ཁོངས་སུ་བསྐྱོད་ཀྱང་། བོད་སྤྱིའི་སྐུ་གེགས་རྐྱེན་དབང་གིས་ ༡༩༥༩ ལོར་བོད་ཡོངས་རྫོགས་རྒྱ་དམག་གིས་དྲག་པོས་དབང་འཛིན་བྱས་ཏེ་བོད་རྒྱལ་ཁབ་ཡོངས་ཀྱི་ཆོས་དང་རིག་གཞུང་དགོན་པ་སྟོང་ཕྲག་དྲུག་ལྷག་རྩ་གཏོར་བཏང་བ་དང༌། དགོན་པ་འདི་ལ་ཡང་སྐབས་དེར་གཏོར་བཅོམ་ཚབས་ཆེར་ཐེབས་ཏེ་ཤུལ་མེད་དུ་བཟོས་པས་ཤུལ་གནས་གང་ཡིན་ཡང་ངོས་འཛིན་བྱེད་མི་ཐུབ་པའི་གནས་སུ་གྱུར། ཕྱི་ལོ་ ༡༩༥༩ ལོར་ྋ་གོང་ས་མཆོག་གཙོས་པའི་བོད་མི་འབུམ་ཕྲག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་འདི་གའི་དགོན་པའི་གྲྭ་རྒྱུན་༡༥ཙམ་བཙན་བྱོལ་དུ་འབྱོར་ཏེ། ས་མཚམས་འབྲུག་ཡུལ་དང༌། རྒྱ་གར་ནང་ཌལ་ལ་ཧའོ་སེ་དང༌། དེ་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གནས་ཀྱང་། ཕྱི་ལོ་ ༡༩༩༠ བར་དགོན་པ་སླར་གསོའི་ལས་གཞི་གང་ཡང་སྤེལ་ཐུབ་མེད། དེ་སྔ་ནས་དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁང་ཚན་ཁོངས་སུ་ཡིན་པ་ལྟར་སྒྲིག་ཞུགས་རྗེས་རིམ་པས་བགྲེས་འདས་གྱུར་འཕྲོས་གྲྭ་གཉིས་ལས་ལྷག་མེད་པ་ནི་དགེ་བཤེས་འཕྲིན་ལས་བསྟན་འཛིན་དང༌། དགེ་སློང་ཡེ་ཤེས་དོན་ཡོད་ཡིན། ཁོང་གཉིས་ཀྱིས་ཕྱི་ལོ་ ༡༩༦༢ ལོར་དེཧ་རཱ་དཱུན་དང་ཞབས་ཁོངས་སུ་བཅར་ཏེ་ལོ་ངོ་༢༤རིང་དྲག་པོའི་ཞབས་འདེགས་ཞུས་རྗེས་སྒྲིག་མཐུན་རྒས་ཡོལ་ཐོབ་སྟེ། ཕྱི་ལོ་ ༡༩༨༢ ལོར་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་སུ་སྤུན་ཉེ་ཚོའི་སར་བཅའ་སྡོད་བྱས་ནས་བོད་ཀྱི་གྲྭ་རྒྱུན་ཁོངས་ཡེ་ཤེས་དོན་ཡོད་ནས་རང་དོན་རང་གཅེས་ཀྱི་འཁུར་ལེན་དང་ལྷག་བསམ་རྣམ་དག་གི་སྒོ་ནས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ས་ཁོངས་ནས་རང་གཞུང་ནང་སྲིད་ལྷན་ཁང་ལ་སྙན་འབུལ་ཞུས་དོན་དགོངས་བཞེས་བླ་མེད་ཀྱིས་ས་ཆ་གསོལ་སྩལ་བྱུང་བ་དང༌། རྒྱ་གར་གྲོང་གསེབ་པ་ནས་ས་ཆ་ཁ་སྣོན་སྤུས་ཉོས་ཞུས་ཏེ་རང་གཞུང་ཆོས་རིག་ལྷན་ཁང་ནས་དགོན་པ་གསར་བཞེངས་ཞུ་རྒྱུའི་བཀའ་འཁྲོལ་དང་ཞལ་འདེབས་སློང་ཡིག་བཀའ་ཡིག་གསོལ་སྩལ་ལྟར་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་བཅས་སུ་ཆེད་བསྐྱོད་ཞུས་ཏེ་ཞལ་འདེབས་མ་དངུལ་གང་ཙམ་བསྡུ་རུབ་ཞུ་ཐུབ་པ་དང༌། དེ་བཞིན་རང་རིགས་དད་ལྡན་ཁག་དང་ཕྱི་རྒྱལ་བ་སྦྱིན་བདག་ཁག་ལ་རེ་སྐུལ་ཞུས་དོན་རོགས་དངུལ་གང་ལེགས་གནང་སོན་བྱུང་བ་དང༌། ལྷག་པར་དུ་ཕྲེང་རིང་ཨ་མ་ལགས་ནས་ཞལ་འདེབས་རོགས་དངུལ་སྩལ་སོན་བྱུང༌། དེ་བཞིན་དད་ལྡན་ཁག་གཅིག་ནས་དངུལ་བུན་གཡར་ཞུས་ཀྱི་དགོན་པ་སླར་གསོའི་ཨར་ལས་ཕྱི་ལོ་ ༡༩༩༠ ཟླ་ ༧ ཚེས་ ༡ གཟའ་སྐར་དགེ་འཛོམས་དང་བསྟུན་འགོ་འཛུགས་ཞུས། ལོ་ངོ་བདུན་རྗེས་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༢༣ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཕྱག་ན་པདྨོ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དབུ་འབྱེད་རབ་གནས་བཀའ་དྲིན་སྤྱི་སྨིན་ཐོག་འདུ་ཁང་བཞུགས་ཁྲི་རིན་པོ་ཆེ་དང་དབུ་རྩེའི་གཟིམ་ཆུང་བཞུགས་ཁྲི་རིན་པོ་ཆེ་བཅས་སུ་སྐུ་ལྷོད་བཞུགས་ཀྱི་ལོ་རྒྱུས་དང་ཨར་ལས་རྩིས་ཁྲར་ཐུགས་ཞིབ་ཀྱི་དངུལ་བུན་ལྷག་བསྡད་རྩིས་སྙན་ནང་ཁ་གསལ་ཡོད་པ་ལྟར་ཧིན་སྒོར་ ༡༥༠༠༠༠། ཐམ་པ་འཁོད་པའི་དངུལ་འཛིན་སྐབས་འཕྲལ་དེ་ཉིན་རང་གསོལ་སྩལ་བཀའ་དྲིན་སྤྱི་སྨིན་བྱུང་བ་ལགས་པས། དགོན་པ་འདིའི་གཞིས་བྱེས་གཉིས་ཀར་ྋརྒྱལ་མཆོག་རིམ་པས་གཟིགས་སྐྱོང་ལམ་སྟོན་རྒྱུན་མར་མཛད་པའི་བཀའ་དྲིན་རྗེས་དྲན་ཚེ་རབས་ནས་ཚེ་རབས་བར་ཞུ་རྒྱུ། གོང་ཞུས་ལྟར་དགོན་སྡེ་འདི་བཞིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོའི་བྱང་རྩེ་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་ཁོངས་གཏོགས་ལ་བརྟེན། སྔར་ལམ་བཞིན་མཁན་བླ་སློབ་དཔོན་བྱང་རྩེ་ནས་གཏོང་གནང་མཛད་སྲོལ་ལྟར། ད་ལྟའི་ཆར་ཡང་༡༩༩༢ལོར་དགེ་བཤེས་ལྷ་རམས་པའི་མིང་བཏགས་ཐོབ་པའི་དགེ་བཤེས་འཕྲིན་ལས་བསྟན་འཛིན་ལགས་ཀྱིས་ད་ལྟའི་ཆར་དགོན་པའི་མཁན་པོའི་མིང་འཛིན་དང་། སྔར་ལམ་བཞིན་དོན་གླིང་དགོན་པའི་གྲྭ་རྒྱུན་དང་བཅས་དགེ་འདུན་པ་ཞལ་གྲངས་༢༤ཙམ་ཞིག་དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁང་ཚན་ཁོངས་གཏོགས་སུ་སློབ་གཉེར་གསན་བསམ་གནང་བཞིན་པ་རྣམས་ལ་དཔེ་ཁྲིད་དང༌། ལྟ་སྐྱོང་ཞུ་མུས་དང༌། བྱེས་ཀྱི་དགོན་པ་འདིའི་གྲྭ་རྒྱུན་ཇི་དགོས་བྱང་རྩེ་གྲྭ་ཚང་ནས་འཛིན་སྐྱོང་གནང་བཞིན་ཡོད། འོན་ཀྱང་གདན་སའི་དགེ་འདུན་རྣམས་གཞུང་ཆེན་བཀའ་པོད་ལྔ་ཡི་གསན་བསམ་ལེགས་སྤེལ་གནང་བཞིན་ལ་བརྟེན། གྲྭ་རྒྱུན་འཕར་མ་གཏོང་གནང་མཛད་ཐབས་མི་ཐུབ་པས། དེང་སང་དཀོན་གཉེར་གྲྭ་རྒྱུན་གཅིག་གཏན་སྡོད་ཞུ་བཞིན་འཁྲུངས་ཡུལ་བོད་ལྷོ་ཁུལ་ལྷོ་བྲག་དུ་བ་རྫོང་ནས་ཡིན་པའི་ཡེ་ཤེས་དོན་ཡོད་དགུང་ལོ་༧༣ལ་སླེབས་པ་ཁོང་ནས་རྒྱུས་བབ་སློབ་སྟོན་གང་ཤེས་ཞུ་མུས་སུ་ཡོད།། །།
Lhodrak Ganden Donyi Ling, 9492+6HH, Dickyiling colony P.O, Sahastradhara Rd,
Uttarakhand, 248013
༄༅། །རྒན་རབས་རྣམས་ཀྱིས་ལོ་རྒྱུས་གསུང་ཚུལ་ལ། སྔོན་རུ་ཐོག་དབང་ལ་ཟེར་བ་ཞིག་གིས་དགོན་པའི་སྦྱིན་བདག་བྱེད་སྲོལ་ཡོད་པ་དང་། ཨང་པ་གྲོང་པ་བདུན་ཞེས་ཀྱང་གྲགས། བླ་མ་ནི་འབྲུག་པ་ཀུན་ལེགས་དང༌། དགེ་ལུགས་ཀྱི་བླ་མ་ཡོན་ཏན་རྒྱ་མཚོ་ཟེར་བ་གཉིས་མཉམ་རུབ་ཐོག་བཞེངས་ཚུལ་བཤད། དགོན་པའི་ནང་རྟེན་གཙོ་བོ་ྋརྒྱལ་བ་བྱམས་པའི་སྐུ་ཐོག་ཚད་མ་གཅིག་དང་། རྗེ་ཡབ་སྲས་གསུམ། ཐུབ་པའི་སྐུ། ཡི་དམ་ནི་རྡོ་རྗེ་འཇིགས་བྱེད་ཡིན། དགོན་པ་འདི་བཞེངས་གྲུབ་མཚམས་དགོན་བདག་དགེ་ལུགས་བྱེད་དང༌། འབྲུག་པས་བྱེད་ཐག་མ་ཆོད་པར་བརྟེན། སུས་རབ་གནས་འབུལ་སྔ་བ་དེས་དགོན་བདག་བྱེད་རྒྱུ་ཞལ་མཐུན་བྱུང་བ་ལྟར། ཡོན་ཏན་རྒྱ་མཚོས་རྫུ་འཕྲུལ་ཐོག་རབ་གནས་སྔོན་དུ་གནང་བས་ཡོངས་གྲགས་དགོན་བདག་དགེ་ལུགས་པས་བྱེད། རྗེས་སུ་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་མངའ་དབང་བསྒྱུར་ནས་སེར་བྱེས་གྲྭ་ཚང་ནས་དགོན་པའི་འཛིན་སྐྱོང་ཆེད་མཁན་ཕྱག་གཉིས་བཏང་བ་ནས་སེར་བྱེས་ཀྱི་ཁོངས་སུ་གཏོགས་ཤིང༌། སེར་བྱེས་ནས་གཏོང་གནང་མཛད་པའི་མཁན་པོ་དང་ཕྱག་མཛོད་ལ་རུ་ཐོག་བླ་བྲང་ཟེར། ཐོག་མའི་ཆར་དགོན་པ་འདི་ལ་དགོན་པ་ཤར་དང་། དགོན་པ་ནུབ། དགོན་པ་རབ་བརྟན། དགོན་པ་ཁ་དཀར། ལྷ་ཁང་བཅས་དགོན་ཁག་ལྔ་བྱུང་ཡོད། བོད་དུ་དུས་འགྱུར་མ་བྱུང་བའི་སྔོན་ལ་དགོན་པ་འདིར་དགེ་འདུན་ཞལ་གྲངས་༡༦༠ལྷག་ཙམ་ཡོད་པ་དང༌། མཁན་པོ་དང་དབུ་མཛད། བྱང་འདྲེན། དགེ་བསྐོས་ཆེ་ཆུང་གཉིས་དང་ཇ་མ་གཉིས་བཅས་ཡོད། རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་ཕྱི་ནང་ཡོངས་རྫོགས་རྩ་གཏོར་བཏང་བ་དང༌། ཕྱི་ལོ་༡༩༨༧ལོ་ནས་བཟུང་དགེ་སློང་བློ་བཟང་བསྟན་པ་དང་རུ་ཐོག་སྲིད་གྲོས་ཀྱི་སྐལ་བཟང་དབང་ཕྱུག་སོགས་ཀྱིས་གཙོས་སླར་ཡང་གསར་བཞེངས་ཉམས་གསོ་བྱེད་འགོ་བཙུགས། ༡༩༩༠ལོར་དངོས་སུ་བཞེངས་གྲུབ་པ་དང་སྐུ་འདྲ་གཏོར་བཤིག་ཐེབས་པ་རྣམས་བསྐྱར་གསོ་དང་གཟུངས་གཞུག་ཕུལ་བ་སོགས་དཀའ་ངལ་ཁྱད་བསད་གནང་མཐར། དད་ལྡན་སེར་སྐྱ་མི་དམངས་ཀྱི་དད་པའི་རྟེན་དུ་སླར་ཡང་ཆོས་ཀྱི་སྒོ་མོ་ཕྱེ། གྲྭ་ཤག་གསུམ་དང་། དགོན་པའི་མཛོད་ཁང་ཡང་གསར་བཞེངས་བྱས། ཕྱི་ལོ་༡༩༥༩ལོར་བོད་དུ་དུས་འགྱུར་བྱུང་རྗེས་དགེ་སློང་བློ་བཟང་བསྟན་འཛིན་དང༌། བློ་བཟང་འཕེལ་གྲུབ། ཐུབ་བསྟན་ཕུན་ཚོགས་ཁོང་གསུམ་གཙོ་བོ་བྱས་ནས་ཕྱི་ལོ་༡༩༨༥ལོར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལྷ་ཁང་ཆུང་ཆུང་ཞིག་གསར་དུ་བཞེངས་ཡོད་ཀྱང༌། ད་སྐབས་མ་དགོན་སེར་བྱེས་མཁས་སྙན་གྲྭ་ཚང་ནས་བཏང་བའི་མཁན་པོ་བྱམས་པ་རྒྱ་མཚོས་གཙོས་དགེ་འདུན་བོད་རིགས་ཞལ་གྲངས་༡༧ཙམ་བཞུགས་པ་རྣམས་ལ་འདུ་ཁང་ཆུང་བས་དཀའ་ངལ་ཡོད་ནའང་གཙོ་ཆེ་རི་བོ་དགེ་ལྡན་གྱིས་བཅའ་ཡིག་ཆེན་མོ་གཞིར་བཟུང་དང༌། ཁྱད་པར་དུ་མ་དགོན་སེར་བྱེས་གྲྭ་ཚང་སྒྲིག་གཞི་ལྟར་ཕྱག་བསྟར་ཞུ་མུས་ཐོགལྷག་པར་དུ་ལྷ་སྲུང་བསྟེན་ཕྱོགས་སྐོར་ལ་ྋརྒྱལ་བའི་བཀའ་བཞིན་སྙིང་བཅངས་ཐོག་བཀའ་དགོངས་འགལ་མེད་དམ་གཙང་ཡིན་པ་མ་ཟད། ས་གནས་སུ་བོད་མི་དང༌། ཡུལ་མི་མང་ཚོགས་ལ་འབྱུང་འགྱུར་ཆོས་ཀྱི་གོ་རྟོགས་ཡོང་ཆེད་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ། ། །
Rudok Lhundup Choding Monastery, , P.O. Choglamsar, Leh Ladakh
Ladakh, 194101
༄༅། །ལ་སྟོད་ཤེལ་དཀར་རྫོང་ཁོངས་ཟེ་དཀར་ཆོས་སྡེ་སྐྱིད་ཚལ་གླིང་ནི། བཀྲས་ལྷུན་དགོན་གྱི་ཀུན་གཟིགས་པཎ་ཆེན་བཟང་པོ་བཀྲ་ཤིས་དཔལ་བཟང་པོའི་དངོས་སློབ་རྗེ་བཙུན་བྱམས་པ་བསྟན་འཕེལ་མཆོག་གིས་ཕྱི་ལོ་༡༤༠༠ལོར་ཕྱག་བཏབ། དགོན་པའི་མིང་ལ་ཟེ་དཀར་ཞེས་ཐོགས་ཚུལ་ནི། དགོན་པ་བཞེངས་སའི་ས་ཆ་དེ་སྡེ་པ་དར་རྒྱས་པ་ཞེས་པ་ཞིག་གིས་ཞིང་ཟེ་ཀ་མ་ཞེས་པ་དེ་བླ་མར་ཕུལ་བས་དགོན་མིང་ཟེ་དཀར་ཆོས་སྡེ་ཞེས་ཐོགས། དེའི་སྐབས་དགེ་འདུན་ཞལ་གྲངས་བརྒྱད་ཅུ་ཙམ་ཡོད། དགེ་འདུན་པ་རྣམས་ཀྱིས་གཞི་གསུམ་དང༌། ཡར་མར་གྱི་ཚེས་བཅུ་ཆག་མེད། དཔལ་རྡོ་རྗེ་འཇིགས་བྱེད་དང༌། ཚེ་དཔག་མེད་ལྷ་དགུ། ཀུན་རིགརྣལ་འབྱོར་མ། སྨན་བླ། སྦྱོར་ཆོས་བཅས་ཀྱི་སྒྲུབ་མཆོད། དབྱར་ཆོས་སྐབས་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགགནས་བརྟན་ཕྱག་མཆོད་དང་འབྲེལ་བའི་ྋརྒྱལ་བའི་ཞབས་བརྟན་བཅས་སྒྲུབ་ཀྱི་ཡོད། ཕྱི་ལོ་༡༩༥༩ལོའི་དུས་འགྱུར་སྐབས་བོད་མི་གང་མང་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བ་དང༌། ཕྱི་ལོ་༡༩༨༧ལོར་ཀ་སྦུག་ས་གནས་སུ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བཀའ་དགོངས་བཞིན་ཤྲཱི་ཆུ་བཟང་རིན་པོ་ཆེ་དབུ་བཞུགས་ཀྱིས་སློབ་དཔོན་དགེ་སློང་བློ་བཟང་རྒྱ་འཕེལ་ལགས་དང་གྲྭ་མང་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་གཙུག་ལག་ཁང་ཀ་བ་བཞི་ཡོད་པའི་རྟེན་དང་བརྟེན་པར་བཅས་པ་གསར་སྐྲུན་ཞུས་ཏེ། ཕྱི་ལོ་༡༩༩༤ལོར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་བྱུང་། དེང་སྐབས་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་གཙོས་པའི་དགེ་འདུན་པ་ཞལ་གྲངས་༣༠བཞུགས་པ་རྣམས་ཀྱིས་གཞི་གསུམ་གྱི་ཆོ་ག་གཙོར་གྱུར་རང་ལུགས་བཞེད་དགོངས་ཁག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་མུས་དང༌། བོད་ཀྱི་ཐུན་མོང་རིག་གནས་གཙོས་དེང་དུས་ཀྱི་ཤེས་ཡོན་ལ་འབད་བརྩོན་ཤུགས་ཆེར་བྱེད་བཞིན་ཡོད།། །།
Zhekar Choedhe Monastery, Ponda Godown, 10 1/2 Mile P.O. Topkhana, , Kalimpong, Distt. Darjeeling
West Bengal, 734301
༄༅། །དགེ་འཕེལ་གླིང་ནི། སྔགས་རམས་པ་བསྟན་པ་ཆོས་ལྡན་མཆོག་གིས་ཕྱི་ལོ་༡༩༧༩ལོར་ཕྱག་བཏབ་ཅིང༌། ཁོང་ནི་བྲག་གཡབ་མ་དགོན་བཀྲ་ཤིས་གཡང་འཁྱིལ་དུ་རབ་ཏུ་བྱུང་ནས་ཆོས་སྤྱོད་སློབ་གཉེར་གནང༌། དེ་ནས་དབུས་ཕྱོགས་སུ་ཕེབས་ཏེ་དགའ་ལྡན་ཉག་རེ་ཁང་ཚན་དུ་ཆོས་ཞུགས་གནང༌། དེར་ལོ་ལྔའི་རིང་གཞུང་ཆེན་ཁག་ལ་ཐོས་བསམ་གནང་རྗེས་ལྷ་སར་རྭ་མོ་ཆེའི་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་མདོ་སྔགས་གཉིས་ལ་མཁས་པའི་ཡང་རྩེར་སོན་ཅིང༌། རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱིས་ཀྱང་ངེས་པ་དོན་གྱི་སྔགས་རམས་པ་ཞེས་པའི་མཚན་གནས་གནང༌། དུས་འགྱུར་མ་བྱུང་གོང་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱུད་སྟོད་གྲྭ་ཚང་གསར་དུ་ཕྱག་འདེབས་སྐབས་གྲྭ་ཚང་ནས་ཆེད་གཉེར་མངགས་གཏོང་གནང་ཐོགདེར་དབུས་ཀྱི་རྒྱུད་པ་དང་ཁྱད་མེད་ཀྱི་བཤད་སྒྲུབ་འཆད་ཉན་བཙུགས། དུས་འགྱུར་བྱུང་རྗེས་རྒྱ་གར་ཀ་སྦུག་ཨ་ལ་སྒ་ར་དང་། པད་སྡོང༌། ལཱ་བ་བཅས་སུ་བོད་མི་གནས་སྡོད་རྣམས་ཀྱི་ཆེད་མི་མང་དང་གྲྭ་ཚང་ཐུན་མོང་ནས་རེ་སྐུལ་ཞུས་དོན་བཞིན། རྒན་མཆོག་ནས་ཐུགས་འགན་རྐང་བཞེས་ཀྱིས་སྐབས་དེར་ྋརྒྱལ་བའི་ཡོངས་འཛིན་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་མཆོག་དང༌། རྭ་སྟོད་རིན་པོ་ཆེ། སྐུ་ཞབས་དག་པ་མཆོག་སྤྲུལ་བཅས་ཕེབས་ནས་གནས་དེར་དགོན་གནས་ཕྱག་བཏབ་ཅིང༌། དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་ནས་འཛིན་སྐྱོང་གནང་མུས་ཡིན། དགེ་འདུན་པ་བོད་རིགས་༡ཡོད།། །།
Gephel Ling. , Gangtok
West Bengal, 737101
༄༅། །འབྲས་སྤུངས་བདེ་ཡངས་གྲྭ་ཚང་ནི། རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་གྱི་ནང་ཚན་དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོ་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེའི་ཐུགས་སྲས་བདེ་ཡངས་གྲྭ་ཚང་གི་གདན་ཁྲི་འཛིན་པའི་མཁན་རབས་དང་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་ཕྱག་བཏབ། གྲྭ་ཚང་དེ་ནས་གྲྭ་ཆུང་ཡོན་ཏན་རྒྱ་མཚོ་དང་། མཆེ་མ་དབང་རྒྱལ། རོང་པོ་བཀའ་བཅུ་པ་བརྩོན་འགྲུས། བླ་མ་བློ་སེང༌། དྲང་ནམ་མཁའ། བླ་མ་བཀྲ་ཤིས་རྒྱ་མཚོ་སོགས་རིམ་པར་བྱོན་ཏེ་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་ཞིག་ཏུ་གྱུར། སྤྱིར་བདེ་ཡངས་གྲྭ་ཚང་གི་གསན་བསམ་མཛད་ཕྱོགས་ཐད། མདོ་ཕྱོགས་ནས་རྒྱ་གཞུང་ཁག་དང་རྗེ་ཡབ་སྲས་ཀྱི་གཞུང་འགྲེལ་བཀའ་རྩོམ་ཁག་གཞིར་བཟུང་གྲྭ་ཚང་འདིའི་ཐུན་མོང་མ་ཡིན་པའི་ཡིག་ཆ་ྋགོང་ས་ལྔ་པ་ཆེན་པོས་མཛད་པའི་དབུ་ཕར་གྱི་གཞུང་འགྲེལ་དག་ལ་གསན་བསམ་མཐར་ཕྱིན་གནང་རྗེས། དགེ་བཤེས་ལྷ་རམས་སོགས་ཀྱི་དམ་འཇོག་མཚན་རྟགས་བཞེས་ཚུལ་སོགས་གདན་ས་རྣམས་དང་གཅིག་མཚུངས་ཡིན། སྔགས་ཕྱོགས་ལ་མཚོན་ན། ཀུན་རིག་སྒྲུབ་མཆོད་དང་། རྗེ་ཙོང་ཁ་པས་མཛད་པའི་སྨན་བླའི་སྒྲུབ་མཆོད་བཅས་རྐང་འཛིན་གྱིས་ཕྱག་བཞེས་ཐུན་མིན་ངོ་མཚར་ལྡན་པ་ཞིག་ཡིན། དེ་ཡང་འབྲས་སྤུངས་ཆོས་སྡེ་ཆེན་པོ་ཕྱག་བཏབ་རྗེས་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་འཆད་ཉན་སྤེལ་བཞིན་པའི་སྐབས་འབྲས་སྤུངས་ཀྱི་མདུན་ངོས་གཙང་ཆུའི་འགྲམ་དུ་པེ་ཧར་གྱི་དཀོར་རྫས་རྟེན་བཅས་བྱོན་པར་མཁྱེན་ཏེ། ཆོས་རྗེ་ཉིད་ཀྱི་གསོལ་དཔོན་ལ་མ་གིར་ངོས་ཀྱི་མགྲོན་པོ་ཁྱད་པར་ཅན་ཞིག་ཕེབས་ཀྱི་ཡོད་པས་གདན་དྲང་དུ་སོང་ཞེས་མངགས་པ་ལྟར། གསོལ་དཔོན་གཙང་ཆུའི་འགྲམ་དུ་སླེབས་པ་དང་སྒམ་ཞིག་ཡོད་པ་འབྲས་སྤུངས་སུ་ཁྱེར་ཡོང་བར་ད་ལྟ་གནས་ཆུང་གྲྭ་ཚང་ཆགས་ས་དེར་སླེབས་པ་དང་སྒམ་དེ་ལྕི་རུ་སོང་ནས་མ་ཐེག་པར་རྡོ་ཕ་བོང་ཞིག་ཡོད་པར་དེའི་སྟེང་དུ་སྒམ་དེ་བཞག་ནས་བླ་མ་མཁྱེན་ཞེས་བརྗོད་པ་དང་། སྒམ་དེ་ཅུང་ཟད་ཁ་བྱེ་བའི་བར་ནས་བྱ་ཕུག་རོན་ཞིག་ཐོན་ཏེ་ས་གནས་དེར་ཡོད་པའི་སྒྲོ་སྡོང་དེ་ལ་ཐིམ། སྒམ་དེ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱི་མདུན་དུ་ཕུལ་ནས་ལོ་རྒྱུས་རྣམས་ཞུས་པས། ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་ཕུག་རོན་གང་དུ་ཐིམ་པའི་གནས་དེར་དགེ་འདུན་བརྒྱད་གྲྭ་ལྡན་པའི་དགོན་ཆུང་ཞིག་ཕྱག་བཏབ་ནས། ལྷ་དེ་ཆེ་ཡང་གནས་ས་ཆུང་ཞེས་གསུངས་པས། གནས་ཆུང་ཞེས་པའི་མཚན་ཐོག་མར་དེ་ནས་བྱུང༌། དེ་ནས་བཟུང་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་འབྲས་སྤུངས་ཀྱི་བཀའ་སྲུང་དུ་བསྟེན་ནས་གསོལ་མཆོད་རྒྱ་ཆེར་མཛད། རྗེས་སུ་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གཞུང་བསྟེན་དགྲ་ལྷའི་གཙོ་བོར་མཛད་དེ་གཞུང་ཕྱོགས་ཆོས་སྲིད་ཀྱི་བྱེད་སྒོ་མཐའ་དག་ལ་རྡོ་རྗེའི་བཀའ་ལུང་ཕབ་པ་སོགས་བསྟན་དོན་གྱི་བྱ་བ་རླབས་ཆེན་བསྐྱངས། ཕྱི་ལོ་༡༩༥༩ལོར་གདན་ས་འཛིན་པའི་མཁན་པོ་ལས་ཐོག་དགུང་ལོ་བགྲེས་པས། བཙན་བྱོལ་དུ་ཕེབས་མ་ཐུབ་པར་རྒྱ་དམར་གྱི་བཙན་འོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པ་མ་ཟད། དགེ་འདུན་པ་རེ་ཟུང་ཙམ་ལས་སྐྱབས་བཅོལ་དུ་ཕེབས་མ་ཐུབ་པའི་རྐྱེན་གྱིས་རྒྱ་གར་དུ་བདེ་ཡངས་གྲྭ་ཚང་བསྐྱར་འཛུགས་མ་ཐུབ་པར་ནར་འགྱངས་སུ་ལུས། དེ་ནས་ྋགོང་ས་མཆོག་ལ་བདེ་ཡངས་གྲྭ་ཚང་གསར་བཞེངས་སྙན་སྒྲོན་ཞུས་པས་དེ་བཞིན་གསར་བཞེངས་དགོས་གལ་ཆེ་བའི་བཀའ་སློབ་སྤྱི་ཕེབས་བཀའ་དྲིན་ཆེ་བ་ལྟར། ཕྱི་ལོ་༢༠༠༥ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་ཆོས་སྡེར་བདེ་ཡངས་གྲྭ་ཚང་གི་སྤྲུལ་སྐུ་བསྟན་འཛིན་ཆོས་སྐྱབས་བཟང་པོ་རིན་པོ་ཆེ་དང༌། གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་རྣམ་གཉིས་ནས་བདེ་ཡངས་གྲྭ་ཚང་གསར་དུ་བཞེངས་འགོ་བཙུགས། དེ་ནས་བདེ་ཡངས་གྲྭ་ཚང་གི་གྲྭ་རྒྱུན་ཉུང་ཤས་ཡོད་པ་རྣམས་ནས་འགན་ཁུར་རྐང་བཞེས་ཐོག་དགེ་འདུན་པའི་བཞུགས་ཤག་དང༌། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས་ཕྱི་ལོ་༢༠༠༨ཟླ་༡ནང་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་འབྲས་སྤུངས་ཆོས་སྡེར་ཞབས་སོར་འཁོད་སྐབས། ཟླ་དེའི་ཚེས་༡༤ཉིན་བདེ་ཡངས་གྲྭ་ཚང་དུ་བཞུགས་ཞག་ཐོག་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་ཡོངས་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པས་ཐུགས་དགྱེས་མཉེས་ཆེན་པོས་གཙུག་ལག་ཁང་དབུ་འབྱེད་རབ་གནས་བྱིན་རླབས་ཀྱི་བཀའ་དྲིན་བསྐྱངས། ད་ལྟའི་དབུ་བཞུགས་བདེ་ཡངས་སྤྲུལ་སྐུ་བསྟན་འཛིན་ཆོས་སྐྱབས་བཟང་པོ་མཆོག་ནི། ཕྱི་ལོ་༡༩༦༦ལོར་བོད་ནང་འཁྲུངས་ཤིང་འབྲིང་རིམ་སློབ་བསྐྱོད་ཟིན་ནས་ཕྱི་ལོ་༡༩༨༠ལོར་འཕགས་ཡུལ་དུ་འབྱོར་ནས་གནས་ཆུང་གྲྭ་ཚང་དུ་འཛུལ་ཞུགས་གནང༌། ཕྱི་ལོ་༡༩༩༤བར་གྲྭ་ཚང་གི་འདོན་ཆོག་དང་མཚན་ཉིད་རིགས་ལམ་སོགས་ལ་སྦྱངས་པ་མཛད། དེ་ནས་ྋགོང་ས་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོའི་དབུ་བླ་གཉལ་གྱི་ཆོས་སྐྱབས་བཟང་པོའི་སྐྱེ་སྲིད་དུ་ངོས་འཛིན་མཛད་ནས་འབྲས་སྤུངས་སུ་གསན་བསམ་མཐིལ་ཕྱིན་མཛད་ནས། དེང་སྐབས་གྲྭ་ཚང་འདིའི་མཛད་འགན་བཞེས་མུས་སུ་བཞུགས། ད་ལྟའི་ཆར་གྲྭ་ཚང་འདིར་དགེ་འདུན་པའི་ཞལ་གྲངས༦ཙམ་བཞུགས་ཡོད།། །།
Drepung Deyang Monastic Lama , Mundgod, Camp No. 2
West Bengal, 581411
༄༅། །སྐྱིད་གྲོང་བཀྲ་ཤིས་བསམ་གཏན་གླིང་ནི། ྋརྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་རབ་བྱུང་བཅུ་གསུམ་པའི་མེ་བྱི་ཕྱི་ལོ་༡༧༥༦ལོར་མང་ཡུལ་སྐྱིད་གྲོང་དུ་ཕྱག་བཏབ་པའི་རི་ཁྲོད་ཅིག་ཡིན། ཡོངས་འཛིན་ཉིད་དགུང་ལོ་ཞེ་བཞིར་ཕེབས་པའི་ལོ་དེ་ནས་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་༡༧༧༣ལོའི་བར་ལོ་བཅོ་བརྒྱད་རིང་རི་ཁྲོད་དེར་བཞུགས་ནས་གདན་ས་ཆེན་པོ་བཞི་ནས་ཕེབས་པའི་བྱ་བྲལ་རི་ཁྲོད་པ་དང༌། བསྟན་འཛིན་སྐྱེས་ཆེན་མང་པོ་གསོ་སྐྱོང་མཛད་པའི་གནས་གཞི་ཞིག་ཡིན། དེ་ཡང་ཡོངས་འཛིན་རིན་པོ་ཆེ་མཆོག་དཀར་གྱི་མཁའ་འགྲོའི་གསང་ཕུག་ཏུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་སྐབས་སྐྱིད་གྲོང་འབའ་རོ་དང་གྲ་དཔོན་གཉིས་ཀྱིས་གཙོས་སྔགས་རམས་པའི་ཡོན་བདག་ཆེ་ཕྲ་ཚང་མས་མ་ཎི་ལ་ཁ་ཞེས་པའི་གནས་གཞི་ཁྱད་པར་ཅན་དེ་དག་ལ་དགེ་འདུན་འདུ་བའི་གཙུག་ལག་ཁང་བཞེངས་དགོས་པར་ནན་གྱིས་གསོལ་བ་བཏབ་པ་ན། གནས་གཞི་དེ་ནི་སྔོན་མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་པདྨ་འབྱུང་གནས། མཁས་མཆོག་ཀ་མ་ལ་ཤཱི་ལའམ་པདྨའི་ངང་ཚུལ་སོགས་ལོ་པཎ་དུ་མས་བྱིན་གྱིས་བརླབས་ཤིང༌། ཁྱད་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐྱིད་གྲོང་དུ་ལོ་གཅིག་བཞུགས་པའི་རིང་གནས་མཆོག་འདིར་བྱོན་ནས་བཀའ་གདམས་པའི་བསྟན་པ་དར་བའི་རྟེན་འབྲེལ་དུ་གཞི་གསུམ་གྱི་ཆོ་ག་མཛད་ཅིང་ཆོས་འཁོར་རྒྱ་ཆེར་བསྐོར། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་རྡོ་ལ་མ་ཎི་ཕྱག་རྗེས་སུ་མཛད་པས་ན། གནས་འདི་ལ་མ་ཎི་ལ་ཁ་ཞེས་གྲགས། གཞན་ཡང་ཕ་དམ་པ་སངས་རྒྱས། རྗེ་བཙུན་མི་ལ་རས་པ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་ཆོས་ལྡན་རབ་འབྱོར། གྲུབ་དབང་བློ་བཟང་རྣམ་རྒྱལ་ལ་སོགས་པ་སྐྱེས་བུ་དམ་པ་མང་པོས་གནས་དེར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། དེ་ལྟ་བུའི་གནས་ཁྱད་པར་ཅན་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཚང་ལ་མ་ནོར་བ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་སོགས་དགོས་པ་དུ་མ་ལ་གཟིགས་ནས་ཆུ་མོ་བྱའི་ལོ་ཕྱི་ལོ་༡༧༥༣ཟླ་བ་བརྒྱད་པའི་ནང་དུ་མ་ཎི་ལ་ཁར་ཕེབས་ཏེ་ས་གཞི་བྱིན་གྱིས་བརླབས། དེར་སྐུ་མཚམས་བདུན་གསུམ་བཞུགས་རིང་ཕྱི་ནང་གི་རྟེན་འབྲེལ་ལེགས་པར་བྱུང་ནའང་རང་གི་བླ་མ་ལ་མ་ཞུས་པར་བྱ་བ་གལ་པོ་ཆེ་རིགས་རང་མཚམས་སུ་བགྱིད་པ་ནི་མི་རིགས་སོ་དགོངས་ནས་གསང་སྟབས་ཀྱིས་དབུས་སུ་ཕེབས་ཏེ། ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང༌། རྗེ་བཙུན་ངག་དབང་བྱམས་པ་གཉིས་ལ་མ་ཎི་ལ་ཁར་ཞེས་པའི་ས་ཕྱོགས་སུ་དགོན་སྡེ་ཞིག་བཏབ་ན་བསྟན་པ་དང་འགྲོ་བའི་དོན་དུ་འགྱུར་མིན་བཀའ་འདྲི་ཞུ་བར་མཛད་པས། རྒྱལ་བ་རྣམ་གཉིས་ཐུགས་ཤིན་ཏུ་དགྱེས་ཏེ་བསྟན་པ་རྒྱས་པ་ཞིག་གནང་དགོས་ཚུལ་གྱི་བཀའ་བཟང་པོ་ཕེབས་པར་བརྟེན། ཤིང་ཕག་ཕྱི་ལོ་༡༧༥༥ཟླ་བ་བརྒྱད་པའི་ཡར་ཚེས་ལ་མ་ཎི་ལ་ཁར་ཕེབས་ཏེ་གཞི་གསུམ་གྱི་ཆོ་ག་ནམ་ཡང་མི་ཉམས་པའི་རྒྱུན་འཛུགས་པར་མཛད། དེ་ཕྱིན་ཆད་རྗེ་ཉིད་ལ་འབུལ་བ་གང་བྱུང་བའི་དངོས་པོ་ཆེ་ཕྲ་ཚང་མ་དཀོན་མཆོག་གསུམ་གྱི་མཆོད་རྒྱུན་དང༌། དགེ་སློང་རྣམས་ཀྱི་འཚོ་ཐབས་ཁོ་ནར་གཏོང་བར་མཛད་དེ་དགུང་གྲངས་ཞེ་བཞི་པ་མེ་བྱི་ལོ་ཕྱི་ལོ་༡༧༥༦ལོར་དགེ་འདུན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་བཀོད་པ་ཕུན་སུམ་ཚོགས་པ་གསར་བཞེངས་གྲུབ་པའི་རྗེས་དཔོན་སློབ་ཚང་མས་རབ་གནས་ཀྱི་ཆོ་ག་རྒྱས་པ་གནང༌། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་ནས་མ་ཎི་ལ་ཁའི་གཙུག་ལག་ཁང་འདི་ལ་བཀྲ་ཤིས་བསམ་གཏན་ཞེས་པའི་མཚན་གསོལ། དུས་དེ་ནས་བཟུང་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་དུ་ལོ་ངོ་ཉིས་བརྒྱ་ལྷག་ཙམ་རིང་གནས་ཡོད་ནའང༌། ཕྱི་ལོ་༡༩༥༩ལོའི་དུས་འགྱུར་རྗེས་དགེ་འདུན་རྣམས་བལ་ཡུལ་མཆོད་རྟེན་ན་སྐྱབས་བཅོལ་དུ་ཕེབས་ཏེ་ད་བར་གནས་དང་གནས་མུས་ལགས། དེང་གི་དུས་སུ་བཀྲ་ཤིས་བསམ་གཏན་གླིང་གི་གཙུག་ལག་ཁང་དེ་ནི་སྔར་གྱི་བཀོད་པ་ཕུན་སུམ་ཚོགས་པ་རྣམས་ཉམས་ནས་སླར་གསོ་བྱེད་མ་ཐུབ་པར་མི་མེད་དབེན་པའི་ནགས་ཚལ་དུ་ད་བར་གནས་ཡོད། བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་༡༩༥༧ལོར་སྐྱིད་གྲོང་བཀྲ་ཤིས་བསམ་གཏན་གླིང་བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་འདབས་སུ་ཐོག་མར་བཞེངས། ད་ལྟའི་དགོན་པའི་དབུ་བཞུགས་མཁན་རིན་པོ་ཆེ་སྦྱིན་པ་མཆོག་ཡིན་ལ། ཕྱི་ལོ་༢༠༠༩ལོར་རང་གཞུང་ཆོས་རིག་ལས་ཁུངས་ནས་བཀྲ་ཤིས་བསམ་གཏན་གླིང་དགོན་པའི་མཁན་པོའི་ཕྱག་རྟགས་གནང་དོན་བཞིན་ད་ལྟའི་ཆར་མཁན་པོའི་ཐུགས་འགན་བཞེས་མུས་ཡིན་པ་དང༌། གྲྭ་ཚང་འདིར་ད་ལྟ་དགེ་འདུན་པ་ཞལ་གྲངས་༡༤༡ཙམ་བཞུགས་མུས་ཡིན།། །།
Samtenling Monastery , Boudhanath,
Kathmandu, G.P.O. Box No. 6552,
༄༅། །གཞིས་དགོན་ཐེག་ཆེན་གླིང་ནི། ཕྱི་ལོ་ ༡༩༧༥ ལོར་བྷན་ད་ར་ནོར་རྒྱས་གླིང་གཞིས་མི་ཡོངས་དང་དགེ་འདུན་པ་ཐུན་མོང་གིས་བཞེངས་ཤིང༌། དགོན་པའི་མཚན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་ཆིབས་བསྒྱུར་སྐབས་སྩལ་པ་ཞིག་ཡིན། དགོན་པའི་ནང་དགེ་འདུན་པ་ ༨ ཙམ་བཞུགས་པ་རྣམས་ཌལ་ཧོར་གདན་གསུམ་ཁ་འཐོར་དགེ་འདུན་པ་འཛོམས་པ་འདི་གར་རང་གཞུང་ནས་གནས་སྤོ་གནང་བ་ཞིག་ཡིན། འདི་གར་གཞི་གསུམ་གྱི་ཆོ་ག་ཉམས་མེད་ཐོག་ཀུན་རིག་དང༌། དཔའ་གཅིག་བདག་འཇུག་སོགས་ལོ་ལྟར་ལེན་བཞིན་པ་དང༌། འདི་གའི་རྟེན་གཙོ་བཀའ་འགྱུར་བོད་ཤོག་དེ་དག་གཞིས་མི་སྤྱི་ནས་ལོ་ལྟར་ཆོ་འཕྲུལ་ཟླ་བའི་ཉིན་དག་སྒྲོག་ཞུ་བཞིན་ཡོད།། །།
,
Maharashtra,